འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ།

ལས་གཞི་གསར་གཏོད་པ་དང་སྤྱི་ཁྱབ་འགན་འཛིན།

འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ།

དགེ་བཤེས་བློ་བཟང་སྨོན་ལམ་ལགས་ནི་བོད་ཀྱི་སྐད་ཡིག་རིག་གནས་དེ་དེང་རབས་བརྡ་འཕྲིན་འཕྲུལ་རིག་ལམ་དུ་འཇུག་ཐབས་ལ་སྐུ་ངལ་ཚད་མེད་བསྐྱོན་ཏེ་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་བླ་མེད་ཐོབ་པའི་ནང་པའི་དགེ་འདུན་པ་དང་རི་མོ་བ། མཉེན་ཆས་བཟོ་སྐྲུན་པ་ཞིག་བཅས་ཡིན། ཁོང་གིས་བོད་ཀྱི་སྐད་ཡིག་འཕྲུལ་ལས་ཅན་དུ་བསྒྱུར་རྒྱུའི་དམིགས་འབེན་གཙིགས་སུ་བཟུང་སྟེ། དུས་རབས་དང་མཐུན་པའི་གསར་གཏོད་ཀྱི་ལས་གཞི་མང་པོར་ཐུགས་འགན་གཙོ་བོར་བཞེས་བཞིན་ཡོད། ཕྱི་ལོ་ ༢༠༠༢ ལོ་ནས་བཟུང་གློག་ཀླད་ལག་རྩལ་ལ་རང་སྦྱོང་གནང་ཞིང་། ༢༠༠༥ ལོར་སྨོན་ལམ་བོད་ཡིག་ཅེས་པའི་གློག་རྡུལ་ཡིག་གཟུགས་ཐོག་མ་གསར་བཟོ་གནང་བ་ནས་བཟུང་། ད་ལྟའི་བར་ཨན་ཌོར་ (Android) དང་། ཀུ་ཤུ་ (iOS) དེ་བཞིན་སྐར་ཁུང་ (Windows) མ་ལག་བཅས་ཀྱི་ནང་བེད་སྤྱོད་ཐུབ་པའི་མཉེན་ཆས་མི་འདྲ་བ་ ༣༧ ལྷག་གསར་བཟོ་གནང་ཡོད། ཁོང་གིས་གཙོ་འགན་བཞེས་པའི་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་གཞི་དེར་ད་སྔར་པོད་ ༢༢༣ ཡོད་ལ། དེ་ནི་འཛམ་གླིང་ཡོངས་ཀྱི་དེབ་ཕྲེང་ཆེས་མང་ཤོས་ཀྱི་ཚིག་མཛོད་དང་། བོད་ཡིག་བེད་སྤྱོད་གཏོང་མཁན་ས་ཡ་མང་པོའི་རྒྱུན་མཁོའི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད། ཁོང་གིས་སེ་ར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་ནས་ལོ་ངོ་ ༡༦ རིང་ནང་པའི་ལྟ་གྲུབ་ཁག་ལ་སློབ་གཉེར་གནང་སྟེ་ ༢༠༡༣ ལོར་དགེ་བཤེས་དམ་བཅའ་བཞག་ཅིང་། ༢༠༢༣ ལོར་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་བརྒྱུད་དེ་བྷང་ལོར་གཙུག་ལག་སློབ་གཉེར་ཁང་ནས་དཔེ་མཛོད་རིག་པའི་འཛིན་སྐྱོང་ལམ་ལུགས་ཐོག་འབུམ་རམས་པའི་ཕྱག་འཁྱེར་བཞེས། ཁོང་གི་མཁྱེན་རྒྱ་དང་མཛད་རྗེས་ལ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་པའི་བསྟན་བདག་བླ་ཆེན་རྣམས་དང་རྒྱལ་སྤྱིའི་མཁས་དབང་མང་པོས་བསྔགས་བརྗོད་གནང་ཡོད། ད་ལྟའི་ཆར་ཁོང་གིས་སྨོན་ལམ་མིས་བཟོས་རིག་ནུས་ (Monlam AI) ཀྱི་ལས་གཞི་གཙོ་སྐྱོང་གནང་བཞིན་ཡོད་ལ། བོད་ཀྱི་སྐད་ཡིག་དང་རིག་གཞུང་དེ་རིག་ནུས་འཕྲུལ་ལས་ཀྱི་དུས་རབས་ནང་གོམ་པ་བརྟན་པོ་སྤོ་ཐུབ་པར་འཆར་འགོད་ཕྱོགས་སྟོན་གནང་མུས་ཡིན།