སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་སྨོན་ལམ་ལགས་དང་འགན་འཛིན་ལས་རོགས་མགོ་ལོག་ལྕགས་མོ་གཉིས་ཏཱ་ལའི་བླ་མ་མཐོ་སློབ་ཏུ་སྤྱི་ཚོགས་ཚན་རིག་དང་བརྡ་འཕྲིན་སྐོར་གྱི་བགྲོ་གླེང་ལ་མཉམ་ཞུགས་བྱས་པའི་སྐོར།
དེ་ཡང་ཕྱི་ཟླ་ ༣ ཚེས་ ༢༢ ནས་ ༢༣ བར་དུ་བྷེང་ལོར་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སློབ་གཉེར་ཁང་གི་སྤྱི་ཚོགས་ཚན་རིག་སྡེ་ཚན་དང་། གློག་ཀླད་སྡེ་ཚན་གཉིས་ཀྱིས་གོ་སྒྲིག་འོག བགྲོ་གླེང་ལྷན་ཚོགས་ཐེངས་གསུམ་པར་མགྲོན་འབོད་བྱས་པ་ལྟར་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་དང་ལས་རོགས་མགོ་ལོག་ལྕགས་མོ་གཉིས་ཆེད་དུ་མཉམ་ཞུགས་བྱས། ཐེངས་འདིའི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་དམིགས་བསལ་བོད་དང་འབྲེལ་ཡོད་ཀྱི་སྤྱི་ཚོགས་ཚན་རིག་དང་འཕྲུལ་ལས་རིག་པའི་སྐོར་ཡིན་ལ། བགྲོ་གླེང་འདིར་མཉམ་ཞུགས་བྱས་ནས་གཏམ་བཤད་བྱེད་མཁན་རྣམས་ནི་རྒྱ་གར་འཕགས་ཡུལ་གྱི་སློབ་དཔོན་ཆེན་མོ་དང་། གློག་ཀླད་ཆེད་མཁས་པ་དང་། གསར་འགོད་པ། ཉམས་ཞིབ་པ། དེ་མིན་བོད་ཀྱི་གློག་ཀླད་ཆེད་མཁས་པ་དང་། སྙན་ངག་པ། སྐད་བསྒྱུར་བ། ཉམས་ཞིབ་པ་སོགས་གདན་ཞུ་བྱས་ཡོད་ལ། ཁོང་ཚོས་རང་རང་དང་འབྲེལ་ཡོད་ཀྱི་བརྗོད་གཞིའི་སྐོར་སྒྲོགས་སྦྱངས་བྱས།
ཐེངས་འདིར་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་བརྡ་འཕྲིན་དང་འབྲེལ་བའི་བོད་ཀྱི་སྐད་ཡིག་ཅེས་པའི་ཐོག་གཏམ་བཤད་བྱས་ཤིང་། བརྡ་འཕྲིན་དང་བོད་ཀྱི་སྐད་ཡིག་གི་གནས་བབ་གླེང་མོལ་བྱས། དེ་མིན་གཏམ་བཤད་པ་ཕན་ཚུན་བསམ་བློ་བརྗེ་རེས་དང་གོ་རྟོགས་སྤེལ་རེས་བྱས་པ་མ་ཟད། ཚོགས་ཞུགས་པ་རྣམས་ཀྱིས་དྲིི་བ་དྲིས་ལན་སོགས་བྱས།
གཞན་ཡང་སློབ་གཉེར་ཁང་གི་གློག་ཀླད་སྡེ་ཚན་ཟུར་དུ་ཚོགས་ཏེ་དགེ་བཤེས་བློ་བཟང་སྨོན་ལམ་གྱིས་གློག་ཀླད་དང་བོད་ཀྱི་སྐད་ཡིག་གི་སྐོར་གྱི་གལ་གནད་འགའ་ངོ་སྤྲོད་བྱས་ཤིང་། དྲི་བ་དྲིས་ལན་སོགས་བྱས། དེ་མིན་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དགེ་སློབ་ཡོངས་ལ་སྨོན་ལམ་ཚིག་མཛོད་ཆེན་མོའི་ལོ་ངོ་དྲུག་གི་འདས་ཟིན་པའི་ལས་གཞི་དང་། ད་ལྟའི་ལས་ཀའི་གནས་བབ། མ་འོངས་པའི་ལས་འཆར་སོགས་ཀྱི་སྐོར་ལ་ངོ་སྤྲོད་གཏམ་བཤད་དང་དྲི་བ་དྲིས་ལན་སོགས་བྱས་ཏེ་ལས་དོན་ཡོངས་སུ་ལེགས་པར་གྲུབ།