ཕྱི་ལོ་ ༢༠༡༩ལོའི་ཟླ་ ༧ ཚེས་ ༤ཉིན། ཧྥ་རན་སི་བོད་རིགས་ཚོགས་པས་གོ་སྒྲིག་འོག ཧྥ་རན་སི་རིག་གཞུང་དུས་སྟོན་ཐེངས་བཅུ་གཅིག་པའི་ཐོག སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་གདན་དྲངས་ཏེ། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཧྥ་རན་སིར་གནས་བཞུགས་བོད་རིགས་རྣམས་དང་། འབྲེལ་ཡོད་རྣམས་ལ་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བཟོ་སྐྲུན་བྱས་པའི་མཉེན་ཆས་ཁག་ངོ་སྤྲོད་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱས། དེ་མིན་ཕྱི་ལོ་ ༢༠༡༩ལོའི་ཟླ་ ༧ ཚེས་ ༥ཉིན། བརྡ་འཕྲིན་བརྒྱུད་ལམ་ཁྲོད་ནས་བོད་ཀྱི་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་བྱ་ཐབས་ཀྱི་བགྲོ་གླེང་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་སྤེལ་ཅིང་། དྲི་བ་དྲིས་ལན་དང་། བསམ་བློ་བརྗེ་རེས་བྱས།
ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༧ ཚེས་༩ ཉིན་གྱི་དགོང་མོའི་དུས་ཚོད་དྲུག་དང་ཕྱེད་ཀ་ཡས་མས་ཤིག་ལ། ཧྥ་རན་སིའི་རྒྱལ་ས་ཕེ་རི་སིར་རྟེན་གཞི་བྱས་པའི་ཨེ་ནལ་གོ་ Inalco ཤར་ཕྱོགས་སྐད་ཡིག་དང་དཔལ་ཡོན་རྒྱལ་ཡོངས་སློབ་གླིང་དུ། རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐེངས་བཅོ་ལྔ་བའི་ཐོག སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་སྤྲུལ་སྐུ་མཐུ་སྟོབས་རིན་པོ་ཆེ་གཉིས་མཉམ་འབྲེལ་གྱིས་བསྒྲུབས་པའི་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ཀྱི་དཔེ་དེབ་གསར་དབུ་འབྱེད་ཀྱི་མཛད་སྒོ་འཚོགས། མཛད་སྒོའི་ཐོག་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཚེ་རིང་ཤཀྱཱ་མཆོག་དང་། ཕེ་རི་སིའི་ཤར་ཕྱོགས་བོད་ཀྱི་སྐད་ཡིག་སྡེ་ཚན་གྱི་འགན་འཛིན་ཆོས་ཉིད་དབང་མོ། བོད་ལྗོངས་སློབ་གྲྭ་ཆེན་མོའི་དཔེ་རྙིང་ཞིབ་འཇུག་གི་འགན་འཛིན་དང་ཞིབ་འཇུག་པ་ཆེན་མོ་སྐ་བ་ཤེས་རབ་བཟང་པོ། ཨ་རིའི་ཧལ་ཝ་ཌིའི་གཙུག་ལག་སློབ་གྲཱའི་དགེ་རྒན་ཆེན་མོ་ (Janet Gyatso )། ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་གི་བོད་དང་སོག་པོའི་དཔེ་མཛོད་འགན་འཛིན་ (Susan Meiheit) ། ཝར་ཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་བཅས་མཉམ་ཞུགས་ཀྱིས་དབུ་འབྱེད་གནང་།
ཆོས་ཉིད་དབང་མོ་མཆོག་གིས་ངོ་སྤྲོད་དང་འབྲེལ་བའི་མཛད་སྒོའི་གཙོ་སྐྱོང་གནང་ཞིང་། ཚེ་རིང་ཤཱཀྱ་མཆོག་གིས་མཛད་སྒོ་དང་འབྲེལ་བའི་གཏམ་བཤད་གནང་དོན། ངས་དགེ་བཤེས་བློ་བཟང་སྨོན་ལམ་དང་ཁོང་གི་ཕྱག་ལས་སྐོར་ལ་སྐད་ཆ་ཁ་ཤས་ཞུ་འདོད་བྱུང་། ཁོང་གིས་གསར་གཏོད་ཀྱི་ལམ་ནས་ཕྱག་ལས་རྒྱ་ཆེན་པོ་བྱས་ཡོད་པ་རེད། གལ་ཏེ་ཁྱེད་ཚོས་སྤྲུལ་སྐུའི་ལམ་ལུགས་དེར་ཡིད་ཆེས་བྱེད་བཞིན་ཡོད་ན་དགེ་བཤེས་བློ་བཟང་སྨོན་ལམ་ནི་དེང་རབས་ཀྱི་འཕྲུལ་ལས་ལ་མཁས་པའི་མི་ཞིག་གི་སྤྲུལ་སྐུ་ཡིན་པ་ཁོང་གིས་བདེན་དཔང་བྱས་ཡོད་པ་རེད། ཁོང་གི་འཕྲུལ་ལས་སྐོར་གྱི་སློབ་སྦྱོང་ཆ་ཚང་རང་ངོས་ནས་བྱས་པ་ཤ་སྟག་རེད། ངའི་ཀུ་ཤུའི་ཁ་པར་ནང་བེད་སྤྱོད་བྱེད་བཞིན་པའི་སྨོན་ལམ་ཚིག་མཛོད་ཆེན་མོ་འདི་ལྟ་བུར་མཚོན་ན། སྤྱིར་བཏང་ཕབ་ལེན་བྱེད་མཁན་ས་ཡ་ལྔ་ལྷག་བརྒལ་ཡོད་པ་དང་དེའི་ནང་ནས་ས་ཡ་བཞི་བོད་ནང་ཁུལ་རེད་འདུག དེ་བཞིན་དེ་རིང་དབུ་འབྱེད་བྱས་པའི་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ནི་གསར་གཏོད་ཀྱི་གྲུབ་འབྲས་གསར་པ་ཞིག་ཡིན་པ་མ་ཟད། ཁོང་གིས་དང་པོ་སྨོན་ལམ་ཡིག་གཟུགས་བཟོས་པ་དང་། དེ་རྗེས་སྨོན་ལམ་ཚིག་མཛོད་བཟོས། ཐེངས་འདིའི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ལྟ་བུའི་རླབས་ཆེན་གྱི་ཕྱག་ལས་ལ་རྗེས་སུ་ཡི་རངས་དང་ཐུགས་རྗེ་ཆེ་ཞུ། ཞེས་གཏམ་བཤད་གནང་།
དེ་བཞིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཐེངས་འདིའི་དཔེ་མཛོད་རིག་པའི་མ་ལག་དང་འབྲེལ་བའི་མཉེན་ཆས་ཀྱི་སྐོར་ནས་ངོ་སྤྲོད་གཏམ་བཤད་བྱས། ཐེངས་འདིར་ཕྱི་རྒྱལ་ཡུལ་གྲུ་ཁག་དང་བོད་ཕྱི་ནང་གཉིས་ཀྱི་རྒྱལ་ཁབ་དྲུག་ཅུ་ལྷག་ནས་ཕེབས་པའི་རྒྱལ་སྤྱིའི་བོད་རིག་པའི་མཁས་དབང་དང་། ཞིབ་འཇུག་པ། དགེ་རྒན་ཆེན་མོ་སོགས་འཛོམས་ཡོད་ལ། དེ་བཞིན་བོད་ཕྱི་ནང་གི་བོད་རིག་པའི་མཁས་དབང་དང་། ཞིབ་འཇུག་པ། དགེ་རྒན་ཆེན་མོ་སོགས་འཛོམས་ཡོད། ཐེངས་འདིའི་དཔེ་མཛོད་རིག་པའི་མ་ལག་མཉེན་ཆས་ཀྱི་དེབ་འདི་ནི་མ་གཞི་དཔེ་མཛོད་རིག་པའི་ངོ་སྤྲོད་མདོར་བསྡུས་ཀྱི་དེབ་ཅིག་ཡིན་ལ། དེབ་འདིའི་ངོས་སུ་མཐེབ་སྡེར་ཞིག་ཀྱང་མཉམ་དུ་སྦྱར་ཡོད། མཐེབ་སྡེར་འདི་བརྒྱུད་ནས་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ཀྱི་ངོ་སྤྲོད་དང་། ཁྱད་ཆོས། དགོས་དམིགས་སོགས་ལེགས་པར་རྟོགས་ཐུབ།
གཞན་ཡང་ཐེངས་འདིར་རྒྱལ་སྤྱིའི་བོད་རིག་པའི་གྲོས་ཚོགས་ཀྱི་ཚོགས་ཐེངས་བཅོ་ལྔ་པའི་ཕྱི་ཚེས་ ༡༢ ཉིན་གྱི་ཉིན་རྒྱབ། ཚོགས་ཆུང་ PS4 དེང་རབས་འཕྲུལ་གསར་གྱི་ཁྱད་ཆོས་ལྡན་པའི་བོད་ཀྱི་དཀར་ཆག་རིག་པ་བསྐྲུན་རྒྱུར་གོམ་གང་མདུན་སྤོས་ཀྱི་ལས་འཆར་ཞེས་པའི་ཚོགས་ཆུང་ཟུར་འཛུགས་ཀྱིས་ཝར་ཎ་དབུས་བོད་ཀྱི་ལོ་རྒྱུས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་མཆོག་གིས་གཙོ་སྐྱོང་དང་འབྲེལ། རྒྱལ་སྤྱི་དང་བོད་ཕྱི་ནང་གི་མཁས་དབང་ལྷན་འཛོམས་སར། ལོ་རྒྱུས་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་མཆོག་གིས། དེང་རབས་དཀར་ཆག་རིག་པའི་གཞུང་ལུགས་དང་མཐུན་པའི་བོད་ཀྱི་དཀར་ཆག་རིག་པ་གོམ་གང་མདུན་སྤོས་བྱུང་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་།
དེ་བཞིན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་གྱིས་དེང་རབས་དང་མཐུན་པའི་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་གསར་བཟོ་བྱས་པའི་བཀོལ་སྤྱོད་ངོ་སྤྲོད་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱས། གཞན་ཡང་ལྡི་ལིར་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་དཔེ་མཛོད་ཁང་གི་ཉམས་ཞིབ་པ་ངག་དབང་ཚེ་དཔག་ལགས་ཀྱིས་བོད་ཀྱི་སྡེ་ཚན་དབྱེ་བསྡུའི་དཀར་ཆག་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་། མཇུག་ཏུ་རྡ་ས་བོད་ཀྱི་དཔེ་མཛོད་ཁང་བོད་ཡིག་སྡེ་ཚན་གྱི་འགན་འཛིན་བསོད་ནམས་སྟོབས་རྒྱལ་གྱིས་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་གཉིས་པོའི་བཀོལ་སྤྱོད་ཐད་མཚུངས་བསྡུར་བྱས་ནས་དཔྱད་པ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་ཤིང་། མཁས་དབང་དང་ཞིབ་འཇུག་པ་མང་པོའི་ལས་གཞི་འདིར་དགའ་མོས་བྱས་པར་མ་ཟད། རྒྱབ་སྐྱོར་དང་གདེང་འཇོག་ཚད་མཐོ་བྱས་ཤིང་། དྲི་བ་དྲིས་ལན་དང་བསམ་ཚུལ་ལྷུག་པོར་བརྗོད་པ་སོགས་ལས་གཞི་འདི་ལེགས་པར་གྲུབ།
གཞན་ཡང་ཐེངས་འདིའི་རྒྱལ་སྤྱིའི་བོད་རིག་པའི་ཚོགས་ཆེན་ཐོག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བཏོན་པའི་ཚིག་མཛོད་རིག་པའི་གཞུང་ལུགས་ཀྱི་དེབ་བརྒྱ་ལྷག་རིན་མེད་འགྲེམས་སྤེལ་བྱས། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཚིག་མཛོད་རྩོམ་སྒྲིག་འགན་འཛིན་གཞོན་པ་ཐེ་བོ་ཤེས་རབ་རྒྱ་མཚོ། ཚིག་མཛོད་རྩོམ་སྒྲིག་པ་སྨིན་སྣང་མཛེས་དང་། ཐེ་བོ་སངས་རྒྱས་བཅས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུར་ཞུགས་ཤིང་།
ཐེ་བོ་སངས་རྒྱས་ཀྱིས་བོད་ཀྱི་སྦྲག་སྲིད་ལམ་ལུགས་འཕེལ་རིམ་སྐོར་རགས་ཙམ་གླེང་བ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱས།
ཐེ་བོ་ཤེས་རབ་རྒྱ་མཚོས་བོད་ཡིག་གི་ཚིག་མཛོད་ཁག་ཏུ་མིང་ཚིག་དང་བྱ་ཚིག མིང་མཐའ་བཅས་ཀྱི་དག་ཆ་གཅིག་གྱུར་མིན་པའི་སྐོར་གཅིག་གྱུར་བྱ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱས།
དེ་བཞིན་སྨིན་སྣང་མཛེས་ཀྱིས་བོད་ཀྱི་ཐ་སྙད་ཀྱི་འབྱུང་ཁུངས་ཇི་ལྟར་འཚོལ་ཞིབ་བྱེད་པའི་ཐབས་ལམ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱས།
རྩོམ་སྒྲིག་པ་རྣམས་ཀྱིས་ཀྱང་རང་རང་གི་བརྗོད་གཞི་སྒྲོགས་སྦྱང་ཙམ་མ་ཡིན་པར། བར་གསེང་གི་གོ་སྐབས་དང་བསྟུན་ནས་ཚོགས་ཞུགས་པ་གཞན་ལ་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བ། རང་ཉིད་ཀྱི་བརྗོད་གཞི་དང་འབྲེལ་བ། བོད་ཀྱི་རིག་གཞུང་དང་འབྲེལ་བ་སོགས་ཀྱི་སྐོར་ནས་བསམ་བློ་བརྗེ་རེས་དང་གོ་རྟོགས་སྤེལ་རེས་གང་ཐུབ་བྱས། མདོར་ན་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་ནས་རྒྱལ་སྤྱིའི་བོད་རིག་པའི་ཚོགས་འདུའི་ཐོག་མི་བཞི་ཞུགས་ཏེ་གཏམ་བཤད་བྱ་རྒྱུ་བྱུང་བ་ནི་འདི་ག་ལས་ཁུངས་ཀྱི་སྔ་ན་མེད་པའི་གྲུབ་འབྲས་དང་གཟི་བརྗིད་ཅིག་ཏུ་བརྩི་ཆོག་ལ། མ་འོངས་པའི་ལས་དོན་ཐད་ལ་གྲུབ་འབྲས་སྔར་ལས་ལྷག་པ་ཡོང་བའི་རྒྱུ་ཉག་ཅིག་ཀྱང་ཡིན་ནོ། །