Loading...

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ངོ་སྤྲོད།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་བྱུང་རིམ་མདོར་བསྡུས།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ནི་བརྡ་འཕྲིན་ཤེས་བྱའི་སྐོར་ལ་ཞིབ་འཇུག་དང་། བོད་སྐད་ཡིག་དང་འབྲེལ་བའི་མཉེན་ཆས་སྣ་ཚོགས་ཞིབ་འཇུག་དང་བཟོ་སྐྲུན་བྱེད་པའི་ལྟེ་གནས་ཁང་ཞིག་ཡིན།

   ལས་གཞི་འདི་ཉིད་ཐོག་མར་བློ་བཟང་སྨོན་ལམ་སྒེར་ངོས་ནས་འགོ་བཙུགས་ཤིང་། ཕྱི་ལོ་༢༠༠༥ ལོར་སྨོན་ལམ་བོད་ཡིག་ཐོན་རིམ་དང་པོ་དང་། ཕྱི་ལོ་༢༠༠༦ ལོར་སྨོན་ལམ་བོད་ཡིག་ཐོན་རིམ་གཉིས་པ། ཕྱི་ལོ་༢༠༠༩ ལོར་སྨོན་ལམ་བོད་ཡིག་ཐོན་རིམ་གསུམ་པ་དང་། སྨོན་ལམ་བོད་ཀྱི་ཐུན་མོང་སྐད་གདངས་མཉེན་ཆས། ཕྱི་ལོ་༢༠༡༠ ལོར་སྨོན་ལམ་བོད་ཡིག་ཐོན་རིམ་གསུམ་ཚེག་གཅིག་ཅན་དང་། སྨོན་ལམ་ཚིག་མཛོད་ཐོན་རིམ་དང་པོ་བཅས་སྔ་རྗེས་བཟོ་སྐྲུན་དང་རིན་མེད་འགྲེམས་སྤེལ། ཕྱི་ལོ་༢༠༡༡ ལོར་Andriod OS ཁ་པར་མ་ལག་ནང་སྨོན་ལམ་བོད་ཡིག་དང་སྨོན་ལམ་ཚིག་མཛོད་གསར་བཅུག་བཅས་བྱས་པར་བོད་སྐད་ཡིག་བེད་སྤྱོད་གཏོང་མཁན་ཚོར་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཆེན་པོ་བྱུང་བར་བརྟེན། བོད་ཕྱི་ནང་དུ་བཞུགས་པའི་གནད་ཡོད་མི་སྣ་དང་མཁས་དབང་གང་མང་གིས་ཚད་མཐོའི་རྒྱབ་སྐྱོར་དང་ལས་གཞི་འདི་བཞིན་རྒྱུན་འཁྱོངས་དགོས་ཚུལ་གསུངས་པ་དང་། ལྷག་དོན་༸སྤྱི་ནོར་༸གོང་ས་རྒྱལ་བའི་དབང་པོའི་ཞལ་སྔ་ནས་སྔ་རྗེས་སུ་ཐུགས་བརྩེ་ཟབ་མོས་བཀའ་སློབ་ལམ་སྟོན་གནང་བ་མ་ཟད། ལས་གཞི་འདི་ཉིད་བོད་ཀྱི་སྐད་ཡིག་དང་རིག་གཞུང་སྲུང་སྤེལ་གྱི་ཆ་རྐྱེན་གལ་ཆེན་ཞིག་ཡིན་སྟབས། གློག་ཀླད་ལས་རིགས་དང་འབྲེལ་བའི་ལྟེ་གནས་ཁང་ཞིག་གསར་འཛུགས་བྱེད་དགོས་ཞེས་རྩ་འཛིན་བཀའ་སློབ་སྤྱི་ཕེབས་བྱུང་བར་བརྟེན། ཕྱི་ལོ་ཉིས་སྟོང་བཅུ་གཉིས་ལོའི་ཕྱི་ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་འདི་ག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དངོས་སུ་རྡ་རམ་ས་ལར་གསར་འཛུགས་བྱས།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་དམིགས་ཡུལ།

༡ བརྡ་འཕྲིན་གྱི་དུས་རབས་སུ་གྲགས་པའི་དུས་རབས་ཉེར་གཅིག་པ་འདིའི་ནང་། འཛམ་གླིང་གི་རྒྱལ་ཁབ་དང་མི་རིགས་ཚོས་རང་རང་གི་སྐད་ཡིག་དང་རིག་གནས་ཁག་བརྡ་འཕྲིན་གྱི་བརྒྱུད་ལམ་ལ་བརྟེན་ནས་སྲུང་འཛིན་སྤེལ་གསུམ་བྱེད་རྒྱུར་ཤུགས་སྣོན་རྒྱག་བཞིན་པ་ལྟར། བོད་ཀྱི་སྐད་ཡིག་རིག་གནས་ཁག་དང་འབྲེལ་བའི་མཉེན་ཆས་སྣ་ཚོགས་ཞིབ་འཇུག་དང་གསར་བཟོ་བྱས་ཏེ་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གནས་ཁག་སྲུང་སྐྱོབ་དང་དར་སྤེལ་གཏོང་ཐབས་བྱ་རྒྱུ།

༢ དེང་རབས་ཀྱི་བརྡ་འཕྲིན་ལག་རྩལ་གྱི་འབྲེལ་ཡོད་ཤེས་བྱ་སྣ་ཚོགས་ལ་ཞིབ་འཇུག་བྱས་ཏེ་བོད་ཀྱི་སྐད་ཡིག་ཐོག་ནང་འདྲེན་བྱེད་ཐབས་བྱ་རྒྱུ།

༣ བརྡ་འཕྲིན་ལག་རྩལ་སྐོར་གྱི་གལ་ཆེའི་ཤེས་བྱ་ཁག་དྲིལ་བསྒྲགས་དང་། གློག་ཀླད་སྐོར་གྱི་ཟབ་སྦྱོང་སྤྲོད་རྒྱུ། གློག་ཀླད་ལས་རིགས་ཀྱི་ཆེད་ལས་པ་གསོ་སྐྱོང་བཅས་བྱེད་ཐབས་བྱ་རྒྱུ།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྡེ་ཚན་ཁག

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྡེ་ཚན་ཁག
འཛིན་སྐྱོང་སྡེ་ཚན།
སྡེ་ཚན་འདིས་ལྟེ་གནས་ཁང་གི་ལས་གཞི་ཁག་འཆར་འགོད་དང་། ལག་བསྟར་སྟངས་འཛིན། ལས་བྱེད་བསྐོ་འཐེན། ཚོགས་འདུ་དང་ཟབ་སྦྱོང་འདྲ་མིན་གོ་སྒྲིག འབྲེལ་ཡོད་ཚོགས་སྒེར་ཁག་ལ་འབྲེལ་བ་བྱེད་རྒྱུ་བཅས་ཀྱི་འགན་ཁུར་ཡོད།
བརྡ་འཕྲིན་ཞིབ་འཇུག་དང་མཉེན་ཆས་བཟོ་སྐྲུན་སྡེ་ཚན།
སྡེ་ཚན་འདིས་དེང་རབས་ཀྱི་བརྡ་འཕྲིན་ལག་རྩལ་སྐོར་ལ་ཞིབ་འཇུག་དང་། ནང་འདྲེན་བསྡུ་ལེན། བོད་སྐད་ཡིག་དང་འབྲེལ་བའི་མཉེན་ཆས་སྣ་ཚོགས་ཞིབ་འཇུག་དང་གསར་བཟོ། དེ་སྔའི་སྨོན་ལམ་བོད་ཡིག་གི་མཉེན་ཆས་ཁག་དུས་ཐོག་ཏུ་ཡར་རྒྱས་གཏོང་རྒྱུ། བརྡ་འཕྲིན་སྐོར་གྱི་གལ་ཆེའི་ཤེས་བྱ་དྲིལ་བསྒྲགས། གློག་ཀླད་ལས་རིགས་ཀྱི་ཆེད་ལས་མི་སྣ་གསོ་སྐྱོང་བཅས་ཀྱི་འགན་ཁུར་ཡོད། 
ཚིག་མཛོད་རྩོམ་སྒྲིག་སྡེ་ཚན།
སྡེ་ཚན་འདིས་<<སྨོན་ལམ་ཚིག་མཛོད་ཆེན་མོ>>ཞེས་པའི་གློག་ཀླད་ཀྱི་ཚིག་མཛོད་རྒྱས་པ་ཞིག་རྩོམ་སྒྲིག་བྱེད་བཞིན་ཡོད་ལ། དེའི་སྒྲོམ་གཞི་བཟོ་འགོད་དང་། མ་ཚིག་གཏན་འབེབས། རྒྱུ་ཆ་འཚོལ་སྒྲུབ། ལག་བསྟར་རྩོམ་སྒྲིག་བཅས་ཀྱི་འགན་ཁུར་ཡོད།
བརྡ་སྤྲོད་ཞིབ་འཇུག་སྡེ་ཚན།
སྡེ་ཚན་འདིས་བོད་སྐད་ཀྱི་ཆོས་ཉིད་དང་བརྡ་སྤྲོད་གཞུང་ལུགས་ཁག་ལ་ཞིབ་འཇུག་གིས་བོད་སྐད་ཀྱི་མིང་ཚིག་བརྗོད་པའི་རྩ་བའི་གྲུབ་སྟངས་གཏན་འབེབས་བྱས་ཏེ། ཡི་གེའི་དག་ཆ་རང་འགུལ་གྱིས་ཞུ་དག་དང་། བརྡ་སྤྲོད་རང་འགུལ་ཞུ་དག ཚིག་སྒྲུབ་ཀྱི་རྣམ་གཞག་རང་འགུལ་ཞུ་དག་བཅས་ཀྱི་མཉེན་ཆས་གསར་བཟོའི་ཆ་རྐྱེན་མཁོ་སྒྲུབ་བྱ་རྒྱུའི་འགན་ཁུར་ཡོད།
ཡིག་བསྒྱུར་སྡེ་ཚན།
སྡེ་ཚན་འདིས། བརྡ་འཕྲིན་དང་འབྲེལ་བའི་དབྱིན་ཡིག་དང་རྒྱ་ཡིག་བོད་ཡིག་བཅས་ཀྱི་ཡིག་བསྒྱུར་ལས་ཀ་སྣ་མང་སྒྲུབ་བཞིན་ཡོད།