Loading...

༡ སྨོན་ལམ་ཚིག་མཛོད་ཆེན་མོའི་དབུ་འབྱེད་མཛད་སྒོའི་གསར་འགྱུར། 


ཕྱི་ལོ་༢༠༡༥ ལོའི་ཟླ་ ༡༢ ཚེས་ ༡༨ ཉིན་སེ་ར་བླ་སྤྱིའི་འདུ་ཁང་དུ་སེ་ར་བླ་སྤྱི་དང་ས་གནས་སེར་སྐྱ་མི་མང་ཐུན་མོང་ནས་༸གོང་ས་མཆོག་དགུང་གྲངས་བརྒྱད་ཅུར་ཕེབས་པའི་གྱ་སྟོན་དང་སྟབས་བསྟུན་མདོ་ལུགས་ཀྱི་བརྟན་བཞུགས་ཕུལ་བ་དང་།  སྐབས་དེར་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་དང་པོ་དངོས་སུ་དབུ་འབྱེད་གནང་ཞིང་། སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་འདི་ཉིད་ནི་མ་ཚིག་ཆིག་འབུམ་བདུན་སྟོང་བརྒྱ་དང་བཅུ་གསུམ་ཙམ་༡༠༧༡༡༣ ཡོད་པས་བོད་ཡིག་ཚིག་མཛོད་ཆེ་ཤོས་ཤིག་ཆགས་ཡོད་པ་མ་ཟད། སྒྲིག་སྟངས་ཀྱི་ཆ་ནས་དེང་རབས་ཀྱི་ཁྱད་ཆོས་ལྡན་པའི་ཚིག་མཛོད་རིག་པའི་གཞུང་ལུགས་དང་བོད་སྐད་ཡིག་གི་ཆོས་ཉིད་ཟུང་འབྲེལ་བྱས་པའི་གསར་གཏོད་ཀྱི་རང་བཞིན་ལྡན་པའི་ཚིག་མཛོད་ཞིག་ཡིན་ཞིང་། འགྲེལ་ཚུལ་ཡང་དེ་སྔའི་ཚིག་མཛོད་ཁག་དང་མི་འདྲ་བར་བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་དང་རིག་གཞུང་སྡེ་ཚན་ཁག་མཉམ་འབྲེལ་གྱི་ལས་གཞི་ཞིག་ཡིན་སྟབས། འགྲེལ་ཚུལ་མི་འདྲ་བ་རྣམས་འཐུས་ཚང་ཡོང་ཐབས་གནང་བཞིན་ཡོད་པར་སྐུ་ཞབས་སྨོན་ལམ་མཆོག་ནས་འགྲེལ་བརྗོད་གནང་། སྐབས་དེར་༸གོང་ས་མཆོག་གིས་བཀའ་སློབ་བསྩལ་དོན། ལོ་མང་རིང་ངལ་བ་ཁྱད་བསད་ཀྱིས་ཕུགས་རྒྱང་རིང་པོའི་རྒྱ་ཆེའི་ཕན་ཐོགས་དེ་འདྲ་ཞིག་གི་ཆེད་དུ་དམིགས་པའི་ལས་དོན་གལ་ཆེན་པོ་ཞིག་སྨོན་ལམ་ལགས་ཀྱིས་འགན་ཁུར་བླངས། དེ་བཞིན་ཁོ་ལ་རོགས་པ་ཁ་ཤས་ཤིག་འདུག ཁ་སང་ངྷ་རམ་ས་ལ་ནས་ཐུག་པ་རེད། ཁོང་ཚོས་ཚིག་མཛོད་ཆེན་མོའི་མིང་ཚིག་གི་གོ་དོན་དེ་དག་གི་ནང་ནས་ཆོས་ཚིག་རྣམས་ཆོས་བརྒྱུད་སོ་སོར་འབྲེལ་བ་བྱས་ཏེ། གང་མཚམས་ཀྱིས་སྤུས་དག་པོ་ཡོད་པ་ཞིག་མཐོང་སོང་། ཞེ་དྲགས་ཡག་པོ་བཟོས་འདུག ཕྱོགས་གཅིག་ནས་ང་རང་ཚོའི་སྒྲ་རིག་པའམ་བོད་ཡིག་ཐོག་ལ་ཞབས་འདེགས་ངེས་ཅན་ཞིག་བསྒྲུབ་ཡོད་པར་བརྟེན་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱོགས་གཅིག་ནས་བོད་ནང་ལ་ད་བར་དེ་ལྟ་བུའི་ཞབས་འདེགས་སྒྲུབ་མཁན་ཕལ་ཆེར་བྱུང་མེད་པ་ལྟ་བུ་རེད། ང་ཚོ་བཙན་བྱོལ་བ་ཉུང་ཤས་ཤིག་བཙན་བྱོལ་དུ་གནས་ཡོད་པ་དང་།  ཕྱོགས་གཅིག་ནས་བསམ་བློ་བཏང་ན་སློབ་གྲྭ་ཆེན་པོ་ནས་ཐོན་པའི་མཁས་དབང་ཟེར་བ་དེ་འདྲ་མིན་པར་གྲྭ་ས་ནས་ཐོན་པའི་མི་ཞིག་གིས་འགན་ཁུར་བླངས་ནས་གྲུབ་འབྲས་མིག་མཐོང་ལག་ཟིན་ཡོད་པ་ཞིག་ཡིན་པར་བརྟེན། ཁྱེད་རང་ཚོས་དཀའ་ལས་བརྒྱབ་པ་དེར་རྗེས་སུ་ཡི་རང་དང་བསྔགས་བརྗོད་ཡོད། ཁྱེད་རང་ཚོས་དཀའ་ལས་བརྒྱབ་པའི་འབྲས་བུ་དེ་མི་རབས་ནས་མི་རབས་གནས་ཐུབ་རྒྱུ་ཡིན་པ་རེད། དཔེར་ན། ང་ཚོའི་སྔོན་གྱི་བོད་པའི་ལོ་ཙཱ་བ་ཚོས་རྒྱ་གར་གྱི་ལེགས་སྦྱར་སྐད་ནས་བསྒྱུར་བ་དང་མིང་ཚིག་གསར་པ་བཟོས་པ། ད་ལྟའི་བོད་ཡིག་གི་མིག་འབྱེད་རྒྱུའི་ཚིག་མཛོད་འདི་ལྟ་བུ་མི་རབས་ནས་མི་རབས་ཏན་ཏན་ཕན་ཐོགས་རྒྱ་ཆེན་པོ་ཡོང་ཐུབ་ཀྱི་རེད། ཁྱེད་རང་ཚོ་ཡིན་ནའང་སོ་སོའི་དགེ་བ་རྒྱ་ཆེན་པོ་བསྒྲུབས་པ་འདི་འཇིག་རྟེན་ཆོས་བརྒྱད་ཀྱི་བསམ་པ་དང་མ་འདྲེས་པར་སྤྱི་དོན་ལ་སྨན་པའི་ཕྱིར་བསྔོ་བ་བྱས་པ་ཡིན་ན་ཡག་པོ་ཡོང་གི་རེད། ངོས་ནས་ཀྱང་སྨོན་ལམ་འདེབས་རྒྱུ་ཡིན་”ཞེས་བཀའ་སློབ་གནང་། དེ་རྗེས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་པ་ཡོངས་དང་ལྷན་དུ་སྐུ་པར་བསྒྲོན། 

      ཚེས་ ༡༨ ཉིན་གྱི་ཕྱི་དྲོ་སེར་སྨད་འདུ་ཁང་དུ་སྨོན་ལམ་ཚིག་མཛོད་ཆེན་མོ་ཐོན་དང་པོ་ངོ་སྤྲོད་དང་འབྲེལ་བའི་བགྲོ་གླེང་ཚོགས་འདུ་འཚོགས། ཐེངས་དེར་དགའ་ལྡན་ཁྲི་རིན་པོ་ཆེ་དང་ཤར་བྱང་གི་ཆོས་རྗེ་རྣམ་གཉིས་གཙོས་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་ཀྱི་སྐུ་ཚབ། དགོན་སྡེ་ཁག་གི་མཁན་བླ་སྤྲུལ། རང་གཞུང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་སྤྱི་འཐུས་ཚོགས་གཙོ་གཙོས་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་པ་དང་འདི་ག་ཞིབ་འཇུག་ཁང་གི་ལས་བྱེད་སོགས་ཁྱོན་བསྡོམས་རྩོམ་སྒྲིག་པ་བདུན་ཅུ་ལྷག་དང་། ཕྱོགས་མཐའ་ཁག་ནས་ཕེབས་པའི་གདན་ཞུས་སྐུ་མགྲོན་ལྔ་བརྒྱ་ལྷག་ལྷན་འཛོམས་བྱུང། ཚོགས་དབུས་སུ་སྨོན་ལམ་ཚིག་མཛོད་ཆེན་མོའི་འོད་སྡེར་དང་མཐེབ་སྡེར། དེ་བཞིན་ཚིག་མཛོད་ངོ་སྤྲོད་ཀྱི་དེབ་སོགས་བཀྲམ་པ་མ་ཟད། དྲ་ལམ་ནས་སྐར་ཁུང་དང་ཀུ་ཤུ་ (Windows & Apple)རྟགས་ཅན་གྱི་གློག་ཀླད་དང་།  གཞན་ཡང་ཀུ་ཤུ་རྟགས་ཅན་གྱི་ལག་དེབ་(iPhone & iPad) དང་ཁ་པར་སོགས་ཀྱི་ནང་རིན་མེད་ཤར་གཏོང་བྱས། ཐེངས་འདིར་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་རྣམ་གཉིས་ཀྱིས་སྨོན་ལམ་ཚིག་མཛོད་ཆེན་མོ་ངོ་སྤྲོད་དང་འབྲེལ་ནས་ཚིག་མཛོད་ཀྱི་འབྱུང་ཁུངས། ཚིག་མཛོད་ཀྱི་གལ་གནད། ད་ལྟའི་ཚིག་མཛོད་སྒྲིག་སྟངས། སྨོན་ལམ་ཚིག་མཛོད་ཆེན་མོའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་སོགས་ངོ་སྤྲོད་དང་འབྲེལ་བའི་གཏམ་བཤད་གནང་། དེ་བཞིན་བཀའ་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཚིག་མཛོད་ཅེས་པའི་རིག་པའི་གཞུང་ལུགས་ཀྱི་འབྱུང་ཁུངས་དང་། ཚིག་མཛོད་དང་མིང་མཛོད་ཀྱི་ཁྱད་པར། ཐ་སྙད་བསྡུ་ལེན་ཐད་ཀྱི་གནད་འགག དེ་བཞིན་བོད་སྐད་ཚིག་མཛོད་ཀྱི་གལ་ཆེའི་རང་བཞིན་བཅས་ཀྱི་གསུང་བཤད་གནང་ཞིང་། ངྷ་ས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་ཀྱིས་བོད་པའི་ཆོས་དང་རིག་གཞུང་དེ་དེང་རབས་འཕྲུལ་ལས་ལ་བརྟེན་ནས་ཁྱབ་སྤེལ་གཏོང་དགོས་པའི་གལ་ཆེའི་རང་བཞིན་དང་། ཐ་སྙད་བསྒྱུར་བསྡུའི་ཐད་ཀྱི་གནད་རྩ།  དེ་བཞིན་(dictionary)་ཚིག་མཛོད་ཅེས་པའི་འགྲེལ་ཚུལ་ཐད་ལ་གཏམ་བཤད་གནང་། སྐུའི་གསུང་བསྒྱུར་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས་རྒྱལ་སྤྱིའི་ཚིག་མཛོད་ཀྱི་འགྲོ་སྟངས་དང་མཐུན་ཞིང་བོད་རང་གི་བརྡ་སྤྲོད་ཀྱི་སྒྲིག་གཞི་དང་མ་འགལ་བའི་ཚིག་མཛོད་ཅིག་སྒྲིག་རྒྱུའི་གལ་གནད། ཚིག་མཛོད་སྒྲིག་པར་ཚང་དགོས་པའི་ཆ་རྐྱེན་ཅི་ཡོད། བོད་ཀྱི་སྐད་ཡིག་སྦྱོང་མཁན་ལ་མཚོན་ན་ཚིག་མཛོད་དེ་ཇི་འདྲ་གལ་ཆེན་པོ་ཆགས་ཀྱི་ཡོད་མེད་སོགས་ཀྱི་སྐོར་ལ་གཏམ་བཤད་གནང་རྗེས། མཐར་སྨོན་ལམ་ཚིག་མཛོད་ཆེན་མོ་དང་འབྲེལ་བའི་དྲི་བ་དྲིས་ལན་སོགས་བྱས་ཏེ་ཐེངས་འདིའི་ཚོགས་འདུ་ཡོངས་སུ་མཇུག་སྒྲིལ།