Loading...

བོད་ཀྱི་སྒྲ་གདངས་ལ་ཞིབ་འཇུག་བྱ་རྒྱུ་ནི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་བརྡ་འཕྲིན་ལག་རྩལ་ཁྲོད་མེད་དུ་མི་རུང་བ་ཞིག་རེད། དེར་བརྟེན་འདི་ག་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བོད་ཀྱི་སྐད་གདངས་ལ་ཞིབ་འཇུག་མཐིལ་ཕྱིན་ཡོང་བར་འབད་བརྩོན་བྱེད་བཞིན་པ་ཡིན། དམིགས་ཡུལ་ནི་རིམ་བཞིན་གཤམ་གསལ་མཉེན་ཆས་ཁག་བཟོ་བར་འབད་པ་བྱེད་ཆེད་ཡིན།
ཡིག་ཀློག་མཉེན་ཆས་གསར་བཟོའི་ལས་གཞི་ངོ་སྤྲོད།
     འདི་ག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བོད་ཀྱི་སྐད་ཡིག་དེ་དུས་ཀྱི་འགྲོས་དང་བསྟུན་ནས་རྒྱལ་སྤྱི་ཅན་དང་བརྡ་འཕྲིན་ཅན་དུ་གཏོང་རྒྱུར་སྐུལ་འདེད་བྱེད་བཞིན་ཡོད་ལ། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞི་གལ་ཆེན་མང་པོ་ཞིག་ཡོད་པའི་ཁོངས་ནས་གློག་ཀླད་ནང་རང་འགུལ་ཡིག་ཀློག་མཉེན་ཆས་གསར་པ་ཞིག་བཟོ་འགོད་བྱེད་རྒྱུའི་ལས་གཞི་ཞིག་འགོ་འཛུགས་བྱས་ཡོད།
     བརྡ་འཕྲིན་དུས་རབས་སུ་གྲགས་པའི་སྐབས་འདིར། ཡར་རྒྱས་ཅན་གྱི་སྐད་ཡིག་གཞན་རྣམས་བརྡ་འཕྲིན་གྱི་ནུས་པ་དང་འགྲོགས་ཏེ་སྟབས་བདེ་ཞིང་བེད་སྤྱོད་ཆེ་བའི་མཉེན་ཆས་སྣ་ཚོགས་ཤིག་ཆར་རྗེས་ཀྱི་ཤ་མོ་བཞིན་གཅིག་རྗེས་གཉིས་མཐུད་དུ་སྤུས་ཀ་ཇེ་ལེགས་དང་སྟབས་ཀ་ཇེ་བདེའི་སྒོ་ནས་ཐོན་གྱི་ཡོད་ནའང་། རང་རེའི་བོད་སྐད་ཡིག་ནི་དུས་ཀྱི་འགྱུར་བ་ཆེན་པོ་དེའི་ཁྲོད་ད་ལྟའི་ཆར་སྤྱོད་སྒོ་ཉག་ཕྲ་བར་གནས་ཡོད།
རང་རེའི་བོད་ཀྱི་སྐད་ཡིག་དེ་བཞིན་དེང་དུས་ཀྱི་བརྡ་འཕྲིན་བརྒྱུད་ལམ་ནང་བེད་སྤྱོད་ཆ་ཚང་ཐུབ་པ་ཞིག་བཟོ་ཐུབ་མིན་ནི་བོད་ཀྱི་སྐད་ཡིག་གི་ཚེ་སྲོག་ལ་ཐུག་པའི་གནད་དོན་ཞིག་ཆགས་ཡོད། འདི་ག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ལས་གཞི་གལ་ཆེན་འགའ་ཞིག་ལག་བསྟར་བྱེད་མུས་ཀྱི་ཁོངས་སུ། གློག་ཀླད་ནང་རང་འགུལ་ཡིག་ཀློག་མཉེན་ཆས་གསར་པ་ཞིག་བཟོ་འགོད་བྱེད་རྒྱུའི་ལས་གཞི་ཞིག་འགོ་འཛུགས་བྱས་ཡོད།
དགོས་དམིགས་དང་ཕན་ཐོགས།
• ཡིག་ཀློག་མཉེན་ཆས་གསར་པ་འདི་མིག་གིས་མི་མཐོང་མཁན་དང་། མིག་དབང་ལ་སྐྱོན་ཡོད་མཁན། མིག་གི་ན་ཚའི་དབང་གིས་ཡིག་ཀློག་ལ་དཀའ་ངལ་ཡོད་མཁན་ཚོར་བོད་ཡིག་ཀློག་འདོན་གྱི་རམ་འདེགས་བྱ་རྒྱུ།
• ཡིག་ཀློག་མཉེན་ཆས་འདིས་བོད་སྐད་བཤད་ཉན་ལ་དཀའ་ངལ་མེད་ཀྱང་བོད་ཡིག་མིི་ཤེས་པའི་ཡིག་རྨོངས་པ་རྣམས་དང་། དེ་བཞིན་བོད་ཡིག་ཀློག་འདོན་ལ་བྱང་ཆུབ་ཀྱང་མིག་སྲུང་ཉར་གནང་འདོད་ཡོད་མཁན་ཚོར་རོགས་རམ་བྱ་ཐུབ་རྒྱུ།
• ཡིག་ཀློག་མཉེན་ཆས་འདིས་ཡིག་ཀློག་བྱེད་རྒྱུར་དཀའ་ངལ་ཡོད་པའི་རྒས་འཁོགས་དང་ནད་གཅོང་ཅན་རྣམས་ཀྱིས་གང་ཞིག་ཀློག་རྒྱུའི་ཡི་གེ་རྣམས་གློག་ཀླད་ཀྱི་མཉེན་ཆས་བརྒྱུད་ཀློག་ཐུབ་རྒྱུ།
• ཡིག་ཀློག་མཉེན་ཆས་འདིས་ཕྱི་མི་བོད་ཀྱི་སྐད་ཡིག་གསར་སློབ་བྱེད་མཁན་རྣམས་ལ་ཡང་བོད་ཡིག་ཀློག་འདོན་གྱི་ཕན་གྲོགས་བྱ་ཐུབ།
     ཡིག་ཀློག་གི་མཉེན་ཆས་འདི་གྲགས་ཅན་སྐད་ཡིག་གཞན་དག་ལ་ཡོད་ཀྱང་། ད་ལྟའི་བར་བོད་ཀྱི་སྐད་ཡིག་བྱུང་འཕེལ་ལོ་རྒྱུས་ནང་སྔར་མེད་གསར་གཏོད་ཅིག་ཆགས་ཀྱི་ཡོད། འདི་ག་ལས་ཁུངས་ནས་མཉེན་ཆས་དེ་ལྟ་བུ་ཞིག་བཟོ་སྐྲུན་བྱ་རྒྱུའི་ཞིབ་འཇུག་འགོ་འཛུགས་བྱས་ཡོད།