Loading...


སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཐད་རིས་མེད་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་བཞི་པ། 

ཕྱི་ལོ་ ༢༠༡༦ལོའི་ཟླ་༣ ཚེས་ ༣༡ ནས་ཕྱི་ཟླ་ ༤ བའི་ཚེས་ ༡ བར་ཏེ་ཉིན་གཉིས་རིང་རྡ་ས་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ། སྨོན་ལམ་བོད་ཡིག་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གོ་སྒྲིག་བྱས་ཏེ་སྨོན་ལམ་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་སྐོར་གྱི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་བཞི་པ་འཚོགས།
ཟླ་ ༣ པའི་ཚེས་ ༣༡ ཉིན་གྱི་ཞོགས་པའི་དུས་ཚོད་དགུ་བའི་སྟེང་། སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གཙོས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་སྡེ་ཚན་ ༢༠ ཡི་རྩོམ་སྒྲིག་པ་རྣམ་པ་བཅས་ཁྱོན་མི་གྲངས་ལྔ་བཅུ་ཙམ་མཉམ་འཛོམས་ཐོག་ཚོགས་འདུ་དབུ་འཛུགས་བྱས།  ཚོགས་ཐོག་ཏུ་སྨོན་ལམ་བོད་ཡིག་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་སྨོན་ལམ་ལགས་ཀྱིས་ཚོགས་འདུའི་བགྲོ་གླེང་གི་དགོས་དམིགས་དང་འབྲེལ་བའི་ངོ་སྤྲོད་གཏམ་བཤད་བྱས། ཁོང་གིས་གསུང་དོན། སྨོན་ལམ་བོད་ཡིག་ཚིག་མཛོད་ཆེན་མོའི་རྩོམ་སྒྲིག་ལས་གཞི་འདི་ཉིད་ཏཱ་ལའི་བླ་མའི་དགེ་རྩ་ཁང་གི་མཐུན་འགྱུར་འོག་ལོ་དགུའི་རིང་གི་ལས་འཆར་ཞིག་ཡིན་པས། ཆོས་བརྒྱུད་སོ་སོའི་ཁོངས་ནས་རྩོམ་སྒྲིག་མི་སྣ་ཆེད་འཛུགས་བྱས་པས་ལོ་གསུམ་རིང་གི་བྱ་བའི་ཐད་ཀྱི་གྲུབ་དོན་ནི།  ཐ་སྙད་ཆིག་འབུམ་ཅན་གྱི་སྨོན་ལམ་ཚིག་མཛོད་ཆེན་མོ་དེ་ཉེ་ཆར་བཀྲམས་ཟིན་ཡོད། ང་ཚོས་མུ་མཐུད་བསམ་ཚུལ་བསྡུ་ལེན་ཐོག་བསྐྱར་བཅོས་དང་ཡང་བཅོས་བྱས་ཏེ་སྔར་ལས་ཕུན་སུམ་ཇེ་ཚོགས་དང་། ཇེ་བཟང་ཇེ་ལེགས་སུ་བཅོས་སྒྲིག་བྱེད་འཆར་དང་། ཚིག་མཛོད་ཀྱི་ཐ་སྙད་ཁག་རིམ་པས་རྒྱ་ཡིག་དང་སོག་ཡིག་སོགས་སུ་བསྒྱུར་འཆར་ཡོད་པ་སོགས་ངོ་སྤྲོད་བྱས།  དེ་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་མཆོག་གིས་གསུང་དོན། སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་འདི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཐད་དགོས་གལ་དང་།  སྔར་ཚིག་མཛོད་ཀྱི་བྱུང་རིམ་དང་དཀའ་ཁག  ད་ལྟའི་སྐབས་ཀྱི་གསར་གཏོད་གལ་ཆེན་ཡིན་པ་དང་། དེ་ཡང་ཐ་སྙད་སྔར་ཡོད་བཅོས་བསྒྱུར་བྱེད་པ་མ་ཡིན་པར།  སྔར་ཡོད་རྨང་གཞི་བྱས་ཐོག་གསར་གཏོད་བྱེད་དགོས་པ་སོགས་ཀྱི་ལམ་སྟོན་བཀའ་སློབ་གནང་། 

ཉིན་གཉིས་ཀྱི་ཚོགས་འདུའི་རིང་རྩོམ་སྒྲིག་པ་རྣམ་པར་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཚིག་མཛོད་ཀྱི་མཉེན་ཆས་གསར་པ་ངོ་སྤྲོད་བྱས། གཞན་ཡང་སྨོན་ལམ་བོད་ཡིག་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་ནས་ཆོས་བརྒྱུད་ཁག་གིས་མ་ཚིག་ལེན་སྟངས་དང་།  འགྲེལ་བཤད་རྒྱག་སྟངས།  སྤྱིར་བརྡ་སྤྲོད་དང་འབྲེལ་བའི་ལམ་སྟོན་དང་དྲི་བ་དྲིས་ལན་སོགས་བྱས། 
རྩོམ་སྒྲིག་པ་རྣམས་ཀྱིས་ཀྱང་ཉིན་གཉིས་ཀྱི་དུས་ཚོད་དམ་འཛིན་ཐོག བརྡ་སྤྲོད་དང་མཉེན་ཆས་ཕྱོགས་ནས་དོགས་འདྲི་གང་མང་བྱས་ཤིང་རྩོམ་སྒྲིག་པ་ནང་ཁུལ་ལ་ཕན་ཚུན་བསམ་བློ་བརྗེ་རེས་བྱས།  

ཉིན་མཐའ་མའི་ཕྱི་དྲོར་ཚོགས་མི་རང་རང་གིས་ཚོགས་འདུ་དང་འབྲེལ་བའི་མྱོང་ཚོར་དང་ཚིག་མཛོད་རྩོམ་སྒྲིག་དང་གོ་སྒྲིག་བྱེད་ཕྱོགས་ཐད་ལ་བསམ་ཚུལ་གང་མང་བཏོན་པ་དང་། མཇུག་མཐར་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཚོགས་མི་རེ་རེས་དྲི་བར་ལན་བཏབ་ཅིང་། མ་འོངས་པའི་བྱ་བའི་ཐད་ལ་མི་རེ་རེའི་རང་ངོས་ནས་འགན་ཁུར་ཡོད་པའི་སྒོ་ནས་འབད་པ་བྱེད་རྒྱུ་དང་།  ལས་གཞི་འདི་ནི་མི་སྒེར་གྱི་ལས་གཞི་ཙམ་མ་ཡིན་པར་ང་ཚོ་ཐུན་མོང་གི་ལས་གཞི་ཞིག་ཡིན་པས། མི་ཚེའི་བྱ་བའི་གྲུབ་འབྲས་ཐོན་མིན་ནི་རང་ཉིད་ཀྱི་འབད་པར་རག་ལས་ཡོད། ཅེས་མཇུག་བསྡོམས་ཀྱི་གཏམ་བཤད་གནང་སྟེ་ཚོགས་འདུ་མཇུག་བསྡུས།