Loading...

སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཐད་རིས་མེད་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་གསུམ་པ།

ཕྱི་ལོ་ ༢༠༡༥ལོའི་ཟླ ༣ཚེས ༡༠ནས་ཚེས ༡༣བར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གོ་སྒྲིག་བྱས་ཏེ། སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོའི་ཆོས་ལུགས་དང་འབྲེལ་བའི་ཐ་སྙད་རྩོམ་སྒྲིག་བྱེད་ཕྱོགས་ཐད་རིས་མེད་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་གསུམ་པ་བཞུགས་སྒར་རྡ་སའི་བོད་ཀྱི་དཔེ་མཛོད་ཚོགས་ཁང་དུ་བསྐོང་འཚོགས་གནང་ཡོད།  ཐེངས་འདིར་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་སྡེ་ཚན་༢༠ ཡི་རྩོམ་སྒྲིག་སྐུ་ཚབ་དང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་བྱེད་བཅས་ཁྱོན་མི་དྲུག་ཅུ་ལྷག་ཅིག་འཛོམས་ཤིང་། ཚོགས་འདུའི་ཐོག་མར་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཕྱོགས་མཐའ་ཁག་ནས་ཕེབས་པའི་ཚོགས་ཞུགས་པ་ཡོངས་ལ་འཚམས་འདྲི་དང་འབྲེལ་ཐེངས་འདིའི་ཚོགས་འདུའི་དགོས་དམིགས་ངོ་སྤྲོད་བྱས། དེ་རྗེས་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་ཀྱིས་ཚིག་མཛོད་རྩོམ་སྒྲིག་བྱེད་ཕྱོགས་ཐད་ནས་གཏམ་བཤད་གནང་།  དེ་བཞིན་ཆོས་བརྒྱུད་ཁག་གི་ཚིག་མཛོད་རྩོམ་སྒྲིག་པའི་སྐུ་ཚབ་སོ་སོས་པང་རིམ་ལྟར་ཚིག་མཛོད་རྩོམ་སྒྲིག་བྱེད་ཕྱོགས་ཐད་ནས་གཏམ་བཤད་དང་དྲི་བ་དྲིས་ལན་བྱས།  

ཉིན་གཉིས་པའི་ཕྱི་དྲོ་བརྡ་འཕྲིན་ཞིབ་འཇུག་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་འགན་འཛིན་འཇུ་བསྟན་སྐྱོང་ལགས་ཀྱིས་རྩོམ་སྒྲིག་སྡེ་ཚན་ཁག་གི་ཚིག་མཛོད་རྩོམ་སྒྲིག་བྱེད་ཕྱོགས་ཀྱི་དཀའ་ངལ་ལ་གདོང་ལེན་ཇི་ལྟར་བྱེད་དགོས་མིན་དང་། བརྡ་ཆད་དང་བརྡ་སྤྲོད་ཀྱི་དབྱེ་བ། འགྲེལ་བཤད་རྒྱག་སྟངས་ཀྱི་ཐབས་ལམ་སོགས་ནས་གཏམ་བཤད་གནང་། དེ་རྗེས་བརྡ་འཕྲིན་ཞིབ་འཇུག་ཁང་གི་རྩོམ་སྒྲིག་འགན་འཛིན་གཞོན་པ་ཚེ་དབང་རིག་འཛིན་གྱིས་ཚིག་མཛོད་ཀྱི་ནང་ལ་མ་ཡིག་ཇི་ལྟར་ལེན་སྟངས། མ་ཚིག་ཐོག་མར་ལེན་དུས་དཀའ་ངལ་ཅི་ཞིག་ལ་འཕྲད་མིན། དེ་བཞིན་མ་ཚིག་གི་གལ་ཆེའི་རང་བཞིན་སོགས་ཀྱི་སྐོར་ནས་གཏམ་བཤད་གནང་ཞིང་། ཚོགས་ཞུགས་པ་ཡོངས་ཀྱིས་གོང་གསལ་བརྗོད་གཞི་གཉིས་ལ་དྲི་བ་དྲིས་ལན་དང་ཕན་ཚུན་བསམ་བློ་བརྗེ་རེས་བྱས།

ཉིན་མཐའ་མའི་ཕྱི་དྲོར་ཚོགས་ཞུགས་པ་ཡོངས་ཀྱིས་ཚོགས་འདུ་དང་འབྲེལ་བའི་བསམ་ཚུལ་དང་རང་ཉིད་ཀྱི་མྱོང་ཚོར་སོགས་ལྷུག་པོར་བརྗོད། མཇུག་མཐར་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་གྱིས་ཚིག་མཛོད་རྩོམ་སྒྲིག་གི་རྒྱ་ཆེ་བའི་ལས་གཞི་འདི་ལ་རྩོམ་སྒྲིག་པ་ཡོངས་ནས་མུ་མཐུད་རྒྱུན་འཁྱོངས་དང་། དཀའ་ངལ་ལ་གདོང་ལེན་དགོས་པ་སོགས་ཀྱི་སྐོར་ནས་ མཇུག་བསྡོམས་གཏམ་བཤད་གནང་སྟེ་ཐེངས་འདིའི་ཆོས་བརྒྱུད་ཁག་གི་ཚིག་མཛོད་རྩོམ་སྒྲིག་མི་སྣའི་ཚོགས་འདུ་ཐེངས་གསུམ་པ་བདེ་ལེགས་ངང་གྲོལ།