Loading...

སྐད་ཡིག་གང་གི་ཆེས་རྨང་གཞིར་གྱུར་བའི་ཐ་སྙད་དེ། ཡུལ་ལུང་དང་ཤེས་ཚད། ལས་རིགས་སོགས་ལ་ཁྱད་མེད་པར་མི་རིགས་གཅིག་གི་ཐུན་མོང་གིས་འཚོ་བའི་ནང་རྒྱུགས་ཆེ་བའི་ཐ་སྙད་ཁག་ཡིན། རྒྱུན་སྤྱོད་ཐ་སྙད་ཀྱི་ཁྱད་ཆོས་གཙོ་བོ་ནི། དམངས་ཡོངས་ཀྱི་རང་བཞིན་ཡིན་པ། བཀོལ་ཡུན་རིང་བ། ཐ་སྙད་མང་པོའི་གྲུབ་གཞིར་ཆགས་པ་བཅས་ཡིན། རྒྱུན་སྤྱོད་དག་གསར་ཤོག་སོགས་ཡོངས་ཁྱབ་རྩོམ་ཡིག་སྤེལ་བ་ལ་ཐོག་མར་ངེས་པར་གཏན་འབེབས་དགོས་པ་ཞིག་ཡིན་ཡང་། དེ་སྔོན་བོད་ཀྱི་ཚིག་མཛོད་ཁག་ཏུ་ངོས་འཛིན་བྱེད་ཐུབ་མེད་ཀྱང་། ང་ཚོས་གང་འཚམ་གཏན་འབེབས་བྱས་ཏེ་དམིགས་བཀར་ལྡེའུ་མིག་གི་རྟགས་བཏབ་ཡོད། རྒྱུན་སྤྱོད་ཐ་སྙད་ནི། སྐད་ཡིག་གང་ཞིག་ཐོག་མར་སློབ་སྦྱོང་བྱེད་པ་ལ་ཆེས་མེད་དུ་མི་རུང་ལ། རྩོམ་སྒྲིག་སྡེ་ཚན་ཁག་གི་ཐོག་མར་གཏན་འབེབས་དགོས་པ་ཞིག་ཡིན་ཡང་། རང་རེ་བོད་ལ་མཚོན་ན་ད་དུང་ཡང་རྒྱུན་སྤྱོད་ཐ་སྙད་ཀྱི་ངོ་བོ་དང་གྲངས་ཚད་གཏན་འབེབས་བྱེད་ཐུབ་མེད། དེར་བརྟེན་སྤྱི་དམངས་ཀྱི་ཁྲོད་དུ་སྤེལ་བཞིན་པའི་རྩོམ་ཡིག་མང་པོ་ཞིག་གཞི་རིམ་མི་མང་ནས་ཤེས་རྟོགས་ཐུབ་ཀྱི་མེད། དེའི་རྒྱུ་མཚན་ནི་རྩོམ་ཡིག་ནང་བེད་སྤྱོད་གཏོང་བཞིན་པའི་ཐ་སྙད་ཁག་ཚད་མཐོ་བ་དང་ཕྱོགས་སུ་ལྷུང་པའི་དབང་གིས་ཡིན་པ་སྨོས་མ་དགོས་པ་ཞིག་རེད། རྒྱུ་མཚན་དེའི་དབང་གིསབོད་ཡིག་ལ་ཀློག་པ་པོ་ཉུང་དུ་འགྲོ་བཞིན་ཡོད་ལ། རྩོམ་པ་པོ་ཡི་ཐང་ཆད་བཞིན་ཡོད། དེའི་གལ་གནད་ལ་གལ་ཆེ་བའི་རྒྱུན་སྤྱོད་ཐ་སྙད་གཏན་འབེབས་མ་ཐུབ་ཅིང་། གོ་སླ་བའི་རྩོམ་ཡིག་འབྲི་བཞེངས་མ་ཐུབ་པ་ལ་ཐུག་ཡོད་སྟབས། སྐད་ཡིག་གང་ཞིག་སྤྱི་དམངས་དང་ཆེས་ཁ་ཐག་ཉེ་བོ་བཟོ་དགོས་ན། ཆེས་གལ་གནད་ཆེ་བའི་ལས་དོན་འདི་གལ་ཆུང་ལ་འཇོག་མི་རུང་ལ། ངེས་པར་གཏན་འབེབས་དགོས་པར་མཐོང་ནས་ང་ཚོས་འབད་བརྩོན་ཆེན་པོས་རྒྱུན་སྤྱོད་ཐ་སྙད་ཀྱི་ངོ་བོ་དང་གྲངས་ཚད་གཏན་འབེབས་གང་མགྱོགས་བྱ་དགོས། སྤྱིར་ཡིག་འཁོད་རྩོམ་ཡིག་རྣམས་ལ་ཞིབ་འཇུག་བྱས་ནས་བཀོལ་ཁྱབ་ཆེ་ཆུང་ལ་ལྟ་དགོས་པ་ཞིག་ཡིན་མོད། བོད་ལ་མཚོན་ན་སྤྱིར་ཡིག་འཁོད་རྩོམ་ཡིག་ཧ་ཅང་མང་པོ་ཡོད་མོད་ཀྱང་། ཕལ་མོ་ཆེ་ལྟ་གྲུབ་དང་ཆོས་ལུགས་ཀྱི་གཞུང་ཡིན་པས། འདི་དག་གི་ནང་བེད་སྤྱོད་མང་པ་ཙམ་ཚད་ལ་བཞག་ན་སྤྱི་དམངས་ཀྱི་ཡོངས་ཁྱབ་བཀོལ་བཞིན་པའི་ཐ་སྙད་མང་པོ་རྒྱུན་སྤྱོད་དུ་མི་འགྲོ་ལ། མི་དམངས་སྤྱིའི་གོ་དཀའ་བའི་ཐ་སྙད་མང་པོ་རྒྱུན་སྤྱོད་ལ་འགྲོ་ཉེན་ཆེ་བ་ཞིག་ཡིན་སྟབས། གནས་སྐབས་རིང་རྩོམ་སྒྲིག་པ་དག་གིས་རྒྱུས་ལོན་དང་ཞིབ་འཇུག་བྱས་ནས་འདེམས་སྒྲིག་མ་བྱས་མཐུ་མེད་ལྟ་བུར་ཆགས་འདུག དེ་ཡང་རྩོམ་སྒྲིག་པ་རྣམས་ལུང་སྐད་ཕྱོགས་རིས་པའི་དབང་དུ་མ་སོང་པ་ཞིག་ཅེས་ཀྱང་གལ་ཆེ། དེར་བརྟེན་དང་པོ་ང་ཚོས་ཉིན་རེའི་འཚོ་བའི་ནང་བེད་སྤྱོད་བཞིན་པའི་ནང་བོད་ཆོལ་ཁ་གསུམ་སྤྱི་ཡོངས་ཀྱི་ བྱིས་པ་བོད་སྐད་ཡག་པོ་ཤེས་པ་དང་ཤེས་ཡོན་སློབ་སྦྱོང་མ་ཤེས་པའི་རོང་འབྲོག་ཕལ་བས་གོ་ཐུབ་པའི་ཐ་སྙད་ག་ཚོད་ཡོད་པ་ཞིབ་འཇུག་དགོས།