Loading...

སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་བོད་སྐད་ཡིག་གི་གལ་ཆེའི་ལས་དོན་ཆེད་ཡོ་རོབ་དང་ཨ་རིའི་ཕྱོགས་སུ་འགྲུལ་བཞུད་བྱས་པའི་གསར་འགྱུར་ཁག་གཉིས།   

 ༡ ཡོ་རོབ་ཏུ་འགྲུལ་བཞུད། 
དེ་ཡང་བོད་ཀྱི་སྐད་ཡིག་འདི་བརྡ་འཕྲིན་གྱི་དུས་རབས་འདིར་འཕྲུལ་ལས་སྣ་ཚོགས་ལ་བརྟེན་ནས་འཛམ་གླིང་སྐད་ཡིག་གཞན་ལྟར་སྤྱོད་རྒྱ་ཆེ་རུ་གཏོང་རྒྱུ་ནི་ཧ་ཅང་ཁ་ཚ་དགོས་གཏུགས་ཀྱི་གནས་ཤིག་རེད། དེར་བརྟེན་ཐེངས་འདིར་ཡང་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་བློ་བཟང་སྨོན་ལམ་ལགས་ཡོ་རོབ་དང་ཨ་རིའི་ཕྱོགས་སུ་བོད་ཀྱི་སྐད་ཡིག་གཙོ་གཉེར་བྱེད་སའི་གཙུག་ལག་སློབ་ཆེན་ཁག་དང་མཉེན་ཆས་བཟོ་ཚོང་ཁང་། དེ་བཞིན་མི་སྒེར་སོགས་ལ་འབྲེལ་ལམ་དང་མཉམ་འབྲེལ་གྱི་ལས་དོན་ལ་ཕེབས་པའི་གནས་ཚུལ་རགས་བསྡུས་ལས་ཡོ་རོབ་ཕྱོགས་ཀྱི་གནས་ཚུལ། 


ཕྱི་ལོ་ ༢༠༡༦ ལོའི་ཟླ་ ༡༡ ཟླ་༡༩ ཉིན་ནས་བཟུང་ཡོ་རོབ་ཕྱོགས་སུ་འགྲུལ་བཞུད་འགོ་བརྩམས། ཐོག་མར་སིད་སི་རྟེན་གཞི་བྱས་པའི་རེ་ཀོན་ཚོགས་པའི་འགན་འཛིན་དང་མཁན་པོ་ཐུབ་བསྟན་ལེགས་སྨོན་བཅས་ལ་མཇལ་འཕྲད་གནང་ཞིང་འཇར་བོད་ཚིག་མཛོད་སྐོར་ལ་ཚོགས་འདུ་ཚོགས། འཇར་བོད་ཚིག་མཛོད་མཉེན་ཆས་ཅན་བཟོ་བར་གྲོས་མོལ་བྱས།

དེ་ནས་ཧྥ་རན་སིའི་རྒྱལ་ས་ཕ་རེ་སི་ལ་རྟེན་གཞི་བྱས་པའི་(INALCO) ཨ་ན་ལོ་ཁོ་སློབ་ཆེན་དུ་ཕེབས་ནས་སློབ་ཆེན་དེ་གའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག་གི་དགེ་རྒན་ཆེན་མོ་ཆོས་ཉིད་དབང་མོ་མཆོག་མཇལ་ཞིང་སློབ་ཆེན་གྱི་བོད་ཀྱི་རིག་གཞུང་དང་འབྲེལ་བའི་སློབ་མ་དང་ལས་བྱེད་རྣམས་ལ་གཏམ་བཤད་བྱས་པ་མ་ཟད། ཚིག་མཛོད་རིག་པའི་ཆེད་ལས་དགེ་རྒན་ཆེན་མོ་བཞི་དང་ལྷན་དུ་ཚིག་མཛོད་སྒྲིག་སྟངས་དང་ཚིག་མཛོད་རིག་པའི་གཞུང་ལུགས་སོགས་ཀྱི་སྐོར་ལ་བགྲོ་གླེང་ལྷུག་པོར་བྱས།  

དེ་མིན་བོད་ཀྱི་རིག་གཞུང་དང་ཧྥ་རན་སི་དང་བོད་ཡིག་ཚིག་མཛོད་བཟོ་ཕྱོགས། དེ་བཞིན་མ་འོངས་པར་མཉམ་ལས་བྱེད་ཕྱོགས་བཅས་ལ་གྲོས་མོལ་བྱས། གཙུག་ལག་སློབ་ཆེན་ནས་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་ཀ་འབྲེལ་ནས་ངོས་སྦྱོར་ཡིག་ཆ་གནང་།


དེ་ནས་དབྱིན་ཡུལ་དུ་ཕེབས་ནས་( OXFORD UNIVERSITY ) ཨོག་སི་ཧྤོར་ཏྲི་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཚེ་རིང་དོན་འགྲུབ་ལགས་ཀྱིས་འགན་ཁུར་གནང་སྟེ་(OXFORD UNIVERSITY) ཨོག་སི་ཧྥོར་གཙུག་ལག་སློབ་ཆེན་དུ་ཕེབས་ནས། སློབ་ཆེན་དེ་གའི་བོད་ཀྱི་སྐད་ཡིག་གཙོས་བོད་ཀྱི་རིག་གཞུང་འབྲེལ་ཡོད་རྣམས་ལ་མཇལ་འཕྲད་དང་གཏམ་བཤད་བྱས། སློབ་གྲྭ་དེ་གའི་ཉམས་ཞིབ་པ་བླ་མ་སྐྱབས་དང་སློབ་ཕྲུག་མང་པོ་ཞིག་ལ་མཇལ་མོལ་ལྷུག་པོ་བྱུང་།  

དེ་མིན་བོད་ཀྱི་ཐེབས་རྩ་ཁང་གིས་གོ་སྒྲིག་བྱས་ཏེ་བོད་ཀྱི་ཞི་བའི་སྐྱེད་ཚལ་དང་ཐེབས་རྩ་ཁང་གི་ལས་ཁུངས་སོགས་ལ་ལྟ་སྐོར་བྱས་ཤིང་།  

SOAS ལོན་ཊོན་གཙུག་ལག་སློབ་ཆེན་ལ་ཕེབས་ནས་འབྲེལ་ཡོད་རྣམས་ལ་གཏམ་བཤད་བྱས།  

དེ་བཞིན་བོད་ཀྱི་ཐེབས་རྩ་ཁང་གིས་གོ་སྒྲིག་འོག་ཡོ་རོབ་དོན་གཅོད་ཁང་དུ་བོད་རིགས་རྣམས་ལ་གཏམ་བཤད་བྱས་པ་སོགས་མདོར་ན་ཡོ་རོབ་ཕྱོགས་ཀྱི་བོད་སྐད་ཡིག་དང་འབྲེལ་བའི་གཙུག་ལག་སློབ་ཆེན་ཁག་ལ་གཏམ་བཤད་དང་ཕན་ཚུན་བསམ་བློ་བརྗེ་རེས། དམིགས་བསལ་ཕན་ཚུན་མཉམ་འབྲེལ་གྱི་ཕྱོགས་ལ་འབྲེལ་ལམ་ཧ་ཅང་ཡག་པོ་བྱུང་སྟེ་ཐེངས་འདིའི་ལས་དོན་ཡོངས་སུ་ལེགས་པར་གྲུབ་བོ། 
༢ ཨ་རིར་འགྲུལ་བཞུད། 
ཕྱི་ལོ་ ༢༠༡༦ལོའི་ཟླ་ ༡༡ ཚེས་༢༩ ཉིན་ནས་བཟུང་འགན་འཛིན་བློ་བཟང་སྨོན་ལམ་ལགས་ཨ་རིའི་ནང་འགྲུལ་བཞུད་འགོ་ཚུགས།  ཐོག་མར་ཨ་རིའི་རླུང་འཕྲིན་ཁང་དུ་སྐད་ཡིག་དང་འབྲེལ་བའི་མཉམ་ལས་ཐད་ནས་བགྲོ་གླེང་གནང་། བོད་ཀྱི་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་ཨ་རིའི་རླུང་འཕྲིན་ཁང་གལ་ཆེ་བ་དང་ང་ཚོ་མཉམ་ཇི་ལྟར་ཡོང་མིན་བཅས་ལ་སྐད་ཆ་བཤད། དེ་ནས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་དང་ཨ་རིའི་རླུང་འཕྲིན་ཁང་གཉིས་ཀྱིས་བཅར་འདྲི་དང་ལེན་བྱས།

དེ་བཞིན་(UNIVERSITY OF VIRGINIA) ཝི་ཇི་ནའི་ཡ་གཙུག་ལག་སློབ་ཆེན་གྱི་དགེ་རྒན་ཆེན་མོ་དང་ཨེ་ཤ་ཡ་ཞིབ་འཇུག་སྡེ་ཚན་གྱི་འགན་འཛིན་ཌེ་ཝི་ཌི་ཇར་མོ་ནོ་དང་ཁོང་གི་བཟའ་ཟླ། གློག་ཀླད་སྡེ་ཚན་གྱི་དགེ་རྒན་ཆེན་མོ་བཅས་མི་སྣ་བཞིས་ཐེངས་འདིའི་ལས་དོན་ཁག་གི་ཐོག་ལ་གྲོས་མོལ་བྱས།

དེ་གའི་སློབ་ཆེན་གྱི་བོད་དང་འབྲེལ་བའི་ལས་གཞི་དྲ་རྒྱ་ཆེན་པོ་བཟོ་བཞིན་པར་དེར་བགྲོ་གླེང་བྱས་ཤིང་འཕྲུལ་ལས་3D བོད་ཀྱི་ལྷ་ས་བཟོ་སྐྲུན་བྱེད་སར་ཕྱིན་ནས་བལྟ་སྐོར་དང་འབྲེལ་མོལ་བྱས།

བོད་ཀྱི་རིག་གཞུང་དང་འབྲེལ་བའི་སློབ་ཕྲུག་དང་ལས་མི་རྣམས་ལ་གཏམ་བཤད་བྱས་ཤིང་། གཙུག་ལག་སློབ་གཉེར་ཁང་དང་འབྲེལ་མོལ་ཧ་ཅང་ཡག་པོ་བྱུང་བ་དང་། ཝ་ཤིན་ཌོན་དུ་བོད་རིག་ཚོགས་པར་གཏམ་བཤད་བྱས།


གཞན་ཡང་ (COLUMBIA UNIVERSITY) ཀོ་ལིམ་བྷི་ཡ་གཙུག་ལག་སློབ་གཉེར་ཁང་དུ་ཕེབས་ཏེ་ཨེ་ཤ་ཡའི་དཔེ་མཛོད་ཁང་གིས་སྣེ་ལེན་དང་བོད་ཀྱི་དཔེ་མཛོད་སྡེ་ཚན་འགན་འཛིན་གྱིས་སྣེ་ལེན་བྱས་ནས་བལྟ་སྐོར་དང་དཔེ་རྙིང་དཀོན་རིགས་མང་པོ་ཞིག་ལ་གཟིགས་ཤིང་།

སློབ་དཔོན་ཆེན་མོ་རོ་བྷིན་ཐར་མིན་དང་ཨེ་ཤ་སྡེ་ཚན་གྱི་དཔེ་མཛོད་འགན་འཛིན་དང་མཉམ་དུ་བཀའ་མོལ་ཞུས། (COLUMBIA UNIVERSITY) ཀོ་ལིམ་བྷི་ཡ་གཙུག་ལག་སློབ་གཉེར་ཁང་ལ་གཏམ་བཤད་གནང་།  

ཀུན་ཕན་ཐེབས་རྩ་ཁང་གིས་གོ་སྒྲིག་བྱས་ཏེ་ལ་རྩེ་དཔེ་མཛོད་ཁང་དུ་གཏམ་བཤད་དང་ཕན་ཚུན་བསམ་བློ་བརྗེ་རེས་བྱས། དེ་མིན་ནེའུ་ཡོག་རྟེན་གཞི་བྱས་པའི་གྷོ་གྷུལ་ཡན་ལག་ཁང་ལ་ཕེབས་ཤིང་། བོད་ཡིག་ལས་གཞིའི་འགན་ཁུར་བ་སི་ཊིབ་དང་ལས་རོགས་ཡེ་ཤེས་འཇིག་ལགས་གཉིས་ཀྱི་སྣེ་ལེན་འོག་སྐད་ཡིག་ཡར་རྒྱས་གཏོང་ཕྱོགས་དང་ཡིག་ཀློག་མཉེན་ཆས་བཟོ་ཕྱོགས་དེ་མིན་ལས་རིགས་ཁག་ལ་བཀའ་མོལ་ཞུས།


དེ་བཞིན་ཨ་རིའི་བྷོ་རི་ཀྲིན་མངའ་སྡེའི་ནང་རྟེན་གཞི་བྱས་པའི་བོད་ནང་བསྟན་དཔེ་ཚོགས་ལྟེ་གནས་ལ་ཕེབས་ནས་དེ་གའི་འགོ་འཛིན་ཇེ་ཧྥི་དང་ལས་བྱེད་རྣམས་པས་སྣེ་ལེན་དང་མཐུན་འགྱུར་ཤིན་ཏུ་ལེགས་པོ་གནང་ཤིང་། དཀར་ཆག་རིག་པ་དང་དཔེ་མཛོད་རིག་པའི་སྐོར་ལ་དམིགས་བསལ་བགྲོ་གླེང་ལྷུག་པོ་བྱུང་།  

བོད་ཀྱི་རིག་གཞུང་གོང་འཕེལ་བྱ་བའི་ཐོག་རིན་ཐང་བྲལ་བའི་དགོངས་འཆར་དང་རྒྱབ་སྐྱོར་སོགས་བྱས།  

ད་དུང་(HARVARD UNIVERSITY )ཧ་ཝར་ཌི་གཙུག་ལག་སློབ་ཆེན་དུ་ཕེབས་ནས་བོད་རིག་དགེ་རྒན་དང་སློབ་མ་དང་། ཀྲུང་དབྱང་མི་རིགས་སློབ་གྲྭའི་སློབ་བཅས་ལ་མཇལ་འཕྲད་དང་གཏམ་བཤད་བྱས།

བོད་ནས་ཕེབས་པའི་འདབ་ཆགས་ཞིབ་འཇུག་པ་འཇུ་བཀྲ་ཤིས་བཟང་པོ་ལགས་ལ་དམིགས་བསལ་གྱིས་བཀའ་མོལ་བྱུང་།  དེ་མིན་ཨ་རིའི་ནེའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་ཀྱི་ཆོས་རིག་ལོ་རྒྱུས་འགྲེམས་སྟོན་དང་ཞིབ་འཇུག་བྱེད་བཞིན་པའི་(Rubin Foundation) རོ་བྷིན་ཐེབས་རྩ་ཁང་ལ་ཕྱིན་ནས་དེ་གའི་ས་ཁྲ་དང་མི་སྣ་དགོན་སྡེ་བཅས་ཀྱི་ལས་གཞི་ངོ་སྤྲོད་དང་ཕན་ཚུན་མཉམ་ལས་བཅས་ལ་བགྲོ་གླེང་བྱས།

བོད་རྒྱ་ཚིག་མཛོད་རྩོམ་སྒྲིག་གི་རྐང་འགན་བཞེས་གནས་མཁན་མཁས་དབང་གཟན་དཀར་སྤྲུལ་སྐུ་ཐུབ་བསྟན་ཉི་མ་མཆོག་ལ་མཇལ་ཁ་ཞུས་ནས་སྨོན་ལམ་ཚིག་མཛོད་ཆེན་མོ་སྤྱན་འབུལ་དང་ཁོང་གི་དགོངས་ཚུལ་ལྷུག་པོར་གསུངས་པ་མ་ཟད། བོད་ཀྱི་སྐད་ཡིག་གཙོ་བོ་བྱས་པའི་ཆོས་དང་རིག་གཞུང་ཡར་རྒྱས་ཐད་ལ་བཀའ་མོལ་ལྷུག་པོར་གནང་ཡོད།  དེ་མིན་སན་ཧྥོར་ཌི་གཙུག་ལག་སློབ་ཆེན་དང་ངོ་དེབ་ལས་ཁུངས་ལ་བལྟ་སྐོར་ལ་ཕེབས།

གཞན་ཡང་འཕྲུལ་ལས་ཆེད་མཁས་དང་། མཉེན་ཆས་བཟོ་སྐྲུན་ཁང་། ཀུ་ཤུ་དང་གྷོ་གྷུལ་ལ་སོགས་པའི་ལས་ཁུངས་མང་པོར་ཆེད་དུ་ལྟ་སྐོར་དང་རྒྱུས་ལོན་འབྲེལ་ལམ་བཅས་ཀྱི་ཐད་ནས་གྲུབ་འབྲས་གང་ལེགས་ཐོབ། འདི་ལྟར་ཟླ་གཅིག་ལྷག་གི་རིང་ལ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཡོ་རོབ་དང་ཨ་རིའི་ཕྱོགས་ཀྱི་བོད་ཀྱི་སྐད་ཡིག་དང་འབྲེལ་བའི་གཙུག་ལག་སློབ་གྲྭ་ཁག་དང་མཉེན་ཆས་བཟོ་ཚོང་ཁང་། དེ་བཞིན་མི་སྒེར་སོགས་ལ་བོད་སྐད་ཡིག་གི་ལས་གཞི་མང་པོ་ཞིག་དེང་རབས་འཕྲུལ་ལས་ལ་བརྟེན་ནས་ཡར་རྒྱས་གཏོང་ཕྱོགས་ཐད་ནས་ཕན་ཚུན་མཉམ་འབྲེལ་གྱི་ལས་དོན་ལ་གྲུབ་འབྲས་ཧ་ཅང་བཟང་པོ་བྱུང་སྟེ་ཐེངས་འདིའི་ཨ་རིའི་ཕྱོགས་ཀྱི་འགྲུལ་བཞུད་ཡོངས་རྫོགས་ལེགས་པར་གྲུབ་ཡོད།