Loading...

ཡུལ་སྐད་ནི་གཞུང་ལུགས་ཁག་གི་ནང་ཡོངས་ཁྱབ་བེད་སྤྱོད་མེད་ལ་འཚོ་བའི་ཁྲོད་བཀོལ་སྤྱོད་བྱེད་བཞིན་པའི་ཐ་སྙད་ཁག་ཡིན་ལ། མི་རིགས་ཤིག་གི་སྐད་ཡིག་གི་ཕྱུག་ཚད་ཡར་རྒྱས་གཏོང་བ་ལ་ཐབས་ལམ་མི་འདྲ་བ་སྣ་ཚོགས་མཆིས་པ་ལས། དང་པོ་སྤྱི་ཚོགས་ལ་ཁྱབ་ཆེ་བའི་སྐད་ཆ་ཡི་གེར་ཕབ་བསྒྱུར་གྱིས་ཁ་སྐད་དང་ཡིག་སྐད་ཀྱི་བར་ཐག་ཉེ་རུ་གཏོང་དགོས། སེམས་ཚོར་རྣལ་མ་དང་འཚོ་བ་དངོས་མཚོན་པའི་ཐ་སྙད་རྣམས་བསྡུ་སྒྲིག་བྱ་དགོས་པ་ཧ་ཅང་གལ་གནད་ཆེན་པོ་ཡིན། ལྷག་པར་དུ་ཁ་སྐད་ནང་བཀོལ་རྒྱུག་ཆེ་ལ་ཡིག་ཐོག་ལ་འབྲི་སྲོལ་དཀོན་པའི་བྱ་ཚིག་དང་རྒྱན་ཚིག་གི་སྐོར་རྣམས་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་ཏེ། བྱ་ཚིག་དང་རྒྱན་ཚིག་ནི་འཚོ་བ་དངོས་ཀྱི་བརྒྱུད་རིམ་ཁྲོད་ནས་བྱུང་བ་ལས་རིག་གཞུང་གཞན་དང་སྐད་ཡིག་གཞན་བརྒྱུད་ནས་ཡོང་བ་ཧ་ཅང་དཀོན་སྟབས། མི་རིགས་རང་གི་སྐད་ཡིག་གི་ཕྱུག་ཚད་གཞལ་བྱེད་དུ་ཆགས་ཡོད། དེས་ན་གཙོ་བོ་ཡུལ་ལུང་འདྲ་མིན་ནང་བེད་སྤྱོད་གཏོང་བཞིན་པའི་བྱ་ཚིག་དང་རྒྱན་ཚིག དེ་བཞིན་འཚོ་བའི་གོམས་གཤིས་དང་ལོ་རྒྱུས་ཀྱི་འཕོ་འགྱུར་སྣ་ཚོགས་པའི་དབང་གིས་ཡུལ་ལུང་བྱེ་བྲག་པའི་ཆེད་སྤྱོད་ལྟ་བུའི་ཐ་སྙད་ཁག་བསྡུ་སྒྲིག་གིས་བོད་ཀྱི་སྐད་ཡིག་གི་ཕྱུག་ཚད་གོང་འཕེལ་གཏོང་དགོས་ལ། དེ་ལ་ཡང་གཟབ་ནན་དགོས་པའི་རིགས་ཧ་ཅང་མང་། ཁྱད་པར་དེང་སྐབས་ཡིག་སྲོལ་ཚད་ལྡན་ལ་འབྲི་སྤྱོད་བྱེད་བཞིན་པ་ལ་ཡུལ་ལུང་འགའ་རེས་སྒྲ་ཟུར་བཞིན་པ་མ་ཐོན་པའི་དབང་གིས་བརྡ་ལོག་པར་ཆགས་པ་རྣམས་འདི་ནས་བསྡུ་ལེན་མི་བྱེད་ལ། ཐ་སྙད་རྙིང་པ་རྣམས་ལ་སྒྲ་གདངས་ཟུར་ཕྱིན་པ་མ་ཐོན་ཡང་ཡིག་སྲོལ་ལ་སྔར་ལམ་བཞིན་དུ་འབྲི་དགོས་པ་ནི་ཧ་ཅང་གལ་ཆེན་ཞིག་ཡིན། དེ་མིན་སྔར་གྱི་ཡིག་སྲོལ་ཉམས་ནས་གནའ་བོའི་ཕུན་སུམ་ཚོགས་པའི་གཞུང་ལུགས་མང་པོ་བརྡ་རྙིང་ཁོ་ནར་ཆགས་ཏེ། བོད་ཀྱི་རིག་གཞུང་ལ་དེ་ལས་ཚབས་ཆེ་བའི་དཀའ་ངལ་འཕྲད་རྒྱུ་ཡིན་པ་ཟུར་བལྟས་ལེབ་མཐོང་ཡིན། མ་འོངས་པར་ང་ཚོར་ཡུལ་ལུང་རང་རང་ནས་འབྲེལ་བ་བྱས་ཏེ། སོ་སོའི་ཁ་སྐད་ཚད་ལྡན་རྣམས་འདི་གར་གཏོང་གནང་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་ལ། ཡུལ་སྐད་རྣམས་ཀྱི་གོ་དོན་དང་། བཀོལ་སྤྱོད་དཔེར་བརྗོད་བཅས་རང་རང་གི་ཁ་བྱང་གསལ་འཁོད་ཡོད་པའི་སྒོ་ནས་བསྐུར་རོགས་ཞུ་རྒྱུ་དང་། ང་ཚོས་འདི་ནས་དབྱེ་ཞིབ་བླང་དོར་ཡོད་པའི་སྒོ་ནས་བསྡུ་ལེན་བྱ་འཆར་ཡིན།