ས་སྐྱའི་རྩོམ་སྒྲིག་ཁང་དང་འབྲེལ་བའི་སྐོར།

ཕྱི་ལོ་ ༢༠༡༩ ལོའི་ཟླ་ ༣ ཚེས་ ༡༥ ཉིན་གྱི་སྔ་དྲོར་རྒྱ་གར་བྱང་ཕྱོགས་ལྡེ་ར་ལྡུན་བདེ་སྐྱིད་གླིང་དུ་རྟེན་གཞི་བྱས་པའི་ས་སྐྱའི་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་ཁང་དུ། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཆེད་ཕེབས་ཀྱིས་ཚིག་མཛོད་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་རྣམ་པར་ཀློག་ཀླད་དང་འབྲེལ་བ། ཚིག་མཛོད་མཉེན་ཆས་དང་འབྲེལ་བ། འཛིན་སྐྱོང་དང་འབྲེལ་བ་སོགས་ཀྱི་ཐད་ནས་བཀའ་མོལ་དང་དྲི་བ་དྲིས་ལན་དང་འབྲེལ་ཚིག་མཛོད་རྩོམ་སྒྲིག་བྱ་ཐབས་ལ་ལམ་སྟོན་བྱས་ཤིང་། ཉིན་དེའི་ཕྱི་དྲོར་ས་སྐྱ་མཐོ་སློབ་ཀྱི་སྒོ་རུམ་དཔེ་མཛོད་ཁང་དུ། ས་སྐྱའི་སྨོན་ལམ་ཚིག་མཛོད་རྩོམ་སྒྲིག་ཁང་དང་ས་སྐྱའི་སྨོན་ལམ་ཚོགས་པའི་རྒྱུན་ལས་གཉིས་ཀྱིས་གོ་སྒྲིག་བྱས་ཏེ། དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། བཤད་གྲྭ་ཁག་དང་ཆོས་སྡེ་ཁག་གི་མཁན་པོ་དང་། དགེ་རྒན། ཚིག་མཛོད་རྩོམ་སྒྲིག་པ་སོགས་རྩོམ་སྒྲིག་སྡེ་ཚན་ཁག་གི་མི་སྣ། དེ་བཞིན་གྲྭ་མང་བཅས་ལ་སྨོན་ལམ་ཚིག་མཛོད་ཆེན་མོའི་བརྒྱུད་རིམ་དང་གལ་ཆེའི་རང་བཞིན། ཁྱབ་ཚད་དང་དགོས་མཁོ། མ་འོངས་པའི་ལས་འཆར། གློག་ཀླད་དང་ཁ་པར་སོགས་སུ་སྨོན་ལམ་ཚིག་མཛོད་ཆེན་མོ་ཕབ་ལེན་བྱ་ཕྱོགས་དང་། བེད་སྤྱོད་གཏོང་ཕྱོགས་སྐོར་ནས་ངོ་སྤྲོད་གསུང་བཤད་དང་དྲི་བ་དྲིས་ལན་གནང་།


ཕྱི་ལོ་ ༢༠༡༩ལོའི་ཟླ་༣ ཚེས་ ༡༦ ཉིན་གྱི་སྔ་དྲོར། དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་དུ་ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་དང་། ས་སྐྱ༸གོང་མ་ཁྲི་འཛིན་རིན་པོ་ཆེ་དབུ་བཞུགས་ཐོག ངོར་ཁྲི་པ་ཐར་རྩེ་མཁན་རིན་པོ་ཆེ། ཚར་པའི་ཁྲི་པ་རིན་པོ་ཆེ། ངོར་ཁང་གསར་ཞབས་དྲུང་རིན་པོ་ཆེ། ས་སྐྱའི་སྨོན་ལམ་ཚོགས་པའི་གཙོ་མཁན་པོ་འཇམ་དབྱངས་མཁྱེན་བརྩེ། ས་སྐྱའི་སྨོན་ལམ་ཚོགས་པའི་དྲུང་ཆེ་ཨ་འདུས་བླ་མ་བསོད་ནམས་རིན་ཆེན་སོགས་གདན་འཛོམས་ཐོག སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་ཚིག་མཛོད་ཆེན་མོའི་བརྒྱུད་རིམ་དང་འབྲེལ་ཏེ་སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འདས་པའི་ལོ་ངོ་དྲུག་གི་ལས་གཞི་ངོ་སྤྲོད་དང་། ད་ལྟའི་གནས་སྟངས། མ་འོངས་པའི་ལས་འཆར་སོགས་ཀྱི་སྐོར་ནས་ངོ་སྤྲོད་གསུང་བཤད་གནང་།

ས་སྐྱ་༸གོང་མ་ཁྲི་ཆེན་རིན་པོ་ཆེ་མཆོག་གིས་བཀའ་སློབ་གནང་བ།
དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཐུགས་ཁུར་ཆེ་བཞེས་ཀྱིས་ད་བར་དུ་སྨོན་ལམ་ཚིག་མཛོད་ཆེན་མོའི་ལས་རིམ་འགྲོ་དང་འགྲོ་བཞིན་པ་རེད། དེ་བཞིན་ཆ་རྐྱེན་དེ་ཕུན་སུམ་ཚོགས་པ་ཡོང་དགོས་པ་གལ་ཆེན་པོ་རེད། ཆ་རྐྱེན་གལ་ཆེ་ཤོས་ཤིག་ལ་ད་སྔ་དེ་འདྲའི་ཞིབ་ཆ་མེད་པ་ཡིན་ཙང་། ཆོས་བརྒྱུད་ཁག་ཚང་མས་མཉམ་རུབ་བྱས་ནས་ཡག་པོ་ཞེ་དྲག་བྱུང་འདུག ཕྱག་ལས་དེ་འདྲ་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཡིན་ཙང་། སྐུ་ངལ་ཏན་ཏན་ཡོད་རྒྱུ་རེད་དེ། ད་སྔ་ཕལ་ཆེར་ཕྱག་ལས་འདི་འཆར་གཞི་ཡོད་པ་ནང་བཞིན་ཡག་པོ་ཞེ་དྲག་བྱུང་འདུག སེམས་གཏིང་ནས་ངེས་པ་ཡག་པོ་རྙེད་ན་བྱ་བ་ཡག་པོ་བསྒྲུབ་ཐུབ་ཀྱི་རེད། དེར་བརྟེན་མུ་མཐུད་ནས་འབད་པ་གནང་རོགས་གནང་། ཞེས་བཀའ་སྩལ་ཅིང་། མཇུག་ཏུ་སྨོན་ལམ་ཚིག་མཛོད་ཆེན་མོ་དང་འབྲེལ་བའི་དྲི་བ་དྲི་ལན་སོགས་ལས་རིམ་ལེགས་པར་གྲུབ།
