Loading...

རིག་གནས་གང་དང་གང་ཡིན་ཡང་། དུས་རབས་ཀྱི་རིམ་པ་དང་དགོས་མཁོ་ལྟར་ལེགས་བཅོས་དང་ཡར་རྒྱས་བྱེད་ཐུབ་དང་མ་ཐུབ་ཀྱིས་རིག་གཞུང་དེའི་སྤུས་ཚད་དང་། དེ་ཉིད་ཀྱིས་སྤྱི་ཚོགས་ཀྱི་དགོས་མཁོ་སྐོང་ཐུབ་མིན་ཡང་དེ་ལ་རག་ཡོད། རིག་གནས་གང་ཞིག་དུས་ལྟར་ལེགས་བཅོས་དང་ཡར་རྒྱས་གཏོང་མ་ཐུབ་ཚེ། རིམ་གྱིས་འཚོ་བ་དངོས་ཀྱི་ཁེ་ཕན་དང་ཁ་གྱེས་ནས་ལོ་རྒྱུས་ཀྱི་དྲན་ཐོ་ཙམ་དུ་འགྱུར་རྒྱུ་ཉག་གཅིག་ཡིན། དེས་ན་རང་རེ་བོད་ཀྱི་རིག་གཞུང་གང་ཡིན་ཡང་དུས་རབས་ཀྱི་དགོས་མཁོ་ལྟར་ཡར་རྒྱས་གཏོང་དགོས་པ་ང་ཚོས་ཁུར་དུ་བབ་པའི་ལས་འགན་ཞིག་ཡིན་ལ། གཞུང་ལུགས་གང་དང་གང་ཡིན་ཡང་། དེ་ལ་བྱུང་རབས་ལོ་རྒྱུས་དང་རིག་པའི་གཞུང་ལུགས་ཤིག་ཡོད་པ་ཆོས་ཉིད་ཀྱིས་གྲུབ་དོན་ཞིག་ཡིན་པ་སྨོས་མེད་རེད། འོན་ཀྱང་། བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་གིས་བལྟས་ཚེ། བོད་ཀྱི་མཁས་པ་སྔ་རབས་པ་ཚོ་འཛམ་གླིང་སྟེང་གི་ཚིག་མཛོད་སྒྲིག་མཁན་སྔ་ཤོས་ཀྱི་གྲས་སུ་སླེབས་ཡོད་ཀྱང་། བར་ལམ་ནས་བོད་ཀྱི་ལོ་རྒྱུས་ལ་གོད་ཆགས་སྣ་ཚོགས་བྱུང་བའི་དབང་གིས་ད་བར་ཚིག་མཛོད་འཕེལ་རིམ་གྱི་ལོ་རྒྱུས་དང་། ཚིག་མཛོད་རིག་པའི་གཞུང་ལུགས་འཐུས་ཚང་སྤུས་ལེགས་ཤིག་མེད་པ་མངོན་གསལ་ཡིན། དེས་ན་ང་ཚོས་ལོ་ཤས་ནང་ཚིག་མཛོད་ཀྱི་ལས་ཀ་བྱས་པའི་ཉམས་མྱོང་དང་འབྲེལ། ཚིག་མཛོད་ལ་རྒྱུས་མངའ་ཟབ་པའི་མཁས་དབང་རྣམས་ཀྱི་དགོངས་ཚུལ་བསྡུ་ལེན། དེ་བཞིན་དེང་རབས་ཚིག་མཛོད་རིག་པའི་གཞུང་ལུགས་གྲགས་ཅན་རྣམས་ལ་གཤིབ་བསྡུར་བཅས་བརྒྱུད། བོད་རང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་པའི་ཚིག་མཛོད་རིག་པའི་གཞུང་ལུགས་ཤིག་གསར་བསྐྲུན་བྱ་རྒྱུའི་ལས་འཆར་འགྲོ་དང་འགྲོ་བཞིན་པ་ཡིན། དེ་ཡང་དང་པོ་རྒྱལ་སྤྱིའི་ཚིག་མཛོད་ཀྱི་འཕེལ་རིམ་དང་ཁྱད་ཆོས་ལ་རྒྱུས་ལོན། དེ་བཞིན་བོད་ཀྱི་ཚིག་མཛོད་ཀྱི་འཕེལ་རིམ་དང་དགོས་མཁོ། ངོ་བོ་དང་ལག་ལེན་དངོས་ཀྱི་རྣམ་གཞག་བཅས་ཞིབ་ཚགས་པོས་སྒོ་ནས་ཉམས་ཞིབ་མཐིལ་ཕྱིན་བྱ་རྒྱུ། དེ་ལྟར་ཉམས་ཞིབ་བྱས་པའི་གྲུབ་དོན་བོད་ཀྱི་རིག་གཞུང་ལ་རྒྱུས་མངའ་ཟབ་ཅིང་། རྒྱལ་སྤྱིའི་སྤྱི་འགྲོས་ལ་གོ་རྟོགས་ལྡན་པ་རྣམས་དང་བགྲོ་གླེང་ཞིབ་བསྡུར་གྱིས་མཐའ་མའི་གཏན་འབེབས་བྱུང་བ་བཞིན། ཚིག་མཛོད་རིག་པའི་གཞུང་ལུགས་གཏན་འབེབས་ཀྱིས་བོད་རིག་པའི་ཁོར་ཡུག་ཡོངས་ལ་འགྲེམ་སྤེལ་བྱ་རྒྱུ་ལགས།