Loading...

༣ སྨོན་ལམ་ཚིག་མཛོད་ཆེན་མོའི་མ་ཚིག་བསྒྱུར་རྒྱུའི་ལོ་ཙཱ་བའི་ཚོགས་འདུ་ཐེངས་དང་པོ།


ཕྱི་ལོ་ ༢༠༡༦ལོའི་ཕྱི་ཟླ་ ༤ པའི་ཚེས་ ༢༤ ཉིན་ཐའེ་ཝན་དུ་ཐའེ་ཝན་གྱི་ཧ་ཤེན་རིན་པོ་ཆེའི་ཆོས་ཚོགས་སུ་སྨོན་ལམ་ཚིག་མཛོད་ཆེན་མོའི་མ་ཚིག་རྒྱ་ཡིག་ལ་བསྒྱུར་གཞིའི་སྐོར་གྱི་ཆེད་མཁས་པ་དང་ལོ་ཙཱ་བས་དཔྱད་གླེང་དང་ལས་འཆར་གཏན་འབེབས་ཀྱི་ཚོགས་འདུ་ཐོག་མ་དེ་འཚོགས་ཡོད་པ་དང་། ཚོགས་འདུའི་ཐོག་དམིགས་བསལ་གདན་ཞུས་མི་སྣ་དགེ་བཤེས་བློ་བཟང་སྨོན་ལམ་མཆོག་གིས་སྨོན་ལམ་ཚིག་མཛོད་ཆེན་མོའི་མ་ཚིག་རྒྱ་ཡིག་ལ་སྒྱུར་གནས་ཀྱི་མཉེན་ཆས་གསར་བ་ངོ་སྤྲོད་དང་།  ཚིག་མཛོད་ཆེན་མོ་སྐད་ཡིག་གཞན་དུ་བསྒྱུར་ན་དམིགས་བསལ་གྱི་དོན་སྙིང་ལྡན་སྐོར་ངོ་སྤྲོད་གནང་། 

སྨོན་ལམ་ཚིག་མཛོད་ཆེན་མོ་ནི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་གཙོ་སྒྲིག་དང་། ས་དགེ་བཀའ་རྙིང་བོན་པོ་ཇོ་ནང་བཅས་བོད་ཀྱི་ཆོས་བརྒྱུད་ཁག་དང་། གཞན་ཡང་ཡུལ་སྐད་རྩོམ་སྒྲིག་ཁང་སོགས་ཀྱིས་རྩོམ་སྒྲིག་བྱས་ཤིང་དུས་ཡུན་ལོ་དགུའི་ལས་གཞི་དང་། མ་ཚིག་ཆིག་འབུམ་ཡོད་པའི་བོད་ཡིག་མཉེན་ཆས་ཅན་གྱི་ཚིག་མཛོད་ཆེན་མོ་ཞིག་ཡིན། ད་རེའི་ཚོགས་འདུའི་སྐབས་ཀྱང་། སྨོན་ལམ་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དབུ་བཞུགས་ཐོག་གྲ་སྒྲིག་ཚོགས་འདུའི་ཐོག་ཞིབ་ཕྲའི་གྲོས་མོལ་བྱུང་བའི་འབྲུ་དོན་ལྟར་ཧ་ཤེན་རིན་པོ་ཆེ་དང་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་ཕྱོགས་གཉིས་ཀྱིས་ཚིག་མཛོད་ཆེན་མོའི་མ་ཚིག་རྒྱ་ཡིག་ཏུ་སྒྱུར་རྒྱུའི་སྐོར་ལ་དངོས་སུ་གན་རྒྱ་བཞག་སྟེ་རྒྱ་བསྒྱུར་གྱི་ལས་འགན་རྩིས་ལེན་བྱས།  ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༧ པའི་གོང་དུ་ཐེངས་དང་པོར་ཚིག་མཛོད་ཀྱི་མ་ཚིག་བསྒྱུར་ཟིན་པ་བྱ་རྒྱུ་དང་། དེ་རྗེས་འགྲེལ་བ་དག་བསྒྱུར་འཆར་ཡོད་ཅིང་།  སྐབས་དེར་རྒྱ་ཆེའི་ཤེས་ལྡན་པ་དང་མཁས་དབང་གང་མང་གདན་ཞུའི་ངང་ཡིག་བསྒྱུར་བྱས་ཏེ་མཉམ་དུ་དུས་རབས་རང་བཞིན་གྱི་རིན་ཐང་ཅན་ཞིག་ཏུ་འགྲུབ་པ་བྱ་རྒྱུ་སོགས་ཀྱི་ཐད་ལ་གོོ་བསྡུར་གནང་། 

སྨོན་ལམ་ཚིག་མཛོད་ཆེན་མོ་རྒྱ་ཡིག་ཏུ་བསྒྱུར་བའི་དགོས་དམིགས། 

བོད་ཀྱི་སྐད་ཡིག་དང་ནང་ཆོས་ནི་བོད་མིའི་འཚོ་བའི་ཁྲོད་དུ་གལ་ཆེན་ཡིན་པ་མ་ཟད། དེང་གི་ཆར་འཛམ་གླིང་སྤྱི་དང་ཁྱད་པར་རྒྱ་མི་རིགས་ཀྱི་ཁྲོད་དུ་དད་མོས་དང་དོ་སྣང་བྱེད་མཁན་ཧ་ཅང་མང་དུ་འགྲོ་བཞིན་ཡོད། དེ་ཡང་མང་པོ་ཞིག་ལ་བོད་ཀྱི་ཆོས་དང་རིག་གཞུང་ལ་དོན་གཉེར་དང་འདུན་པ་ཡོད་ན་ཡང་། རྒྱ་ཡིག་གི་ཐོག་ཏུ་ཡོད་པའི་བོད་ཀྱི་ནང་ཆོས་དང་རིག་གཞུང་ལ་ཞིབ་འཇུག་དང་སློབ་སྦྱོང་བྱེད་པར་མེད་དུ་མི་རུང་བའི་ཡན་ལག་ཏུ་གྱུར་པའི་ཚིག་མཛོད་སོགས་ཧ་ཅང་ཉུང་ཉུང་མ་གཏོགས་མེད། དངོས་ཡོད་ཀྱི་གནས་སྟངས་འདི་ལ་གཞིགས་ནས་སེར་སྨད་དགེ་བཤེས་ལྷ་རམས་པ་ཧ་ཤེན་རིན་པོ་ཆེས་འགན་ཁུར་འོག་ཚིག་མཛོད་ཆེན་མོའི་མ་ཚིག་རྒྱ་ཡིག་ཏུ་བསྒྱུར་རྒྱུའི་ལས་འཆར་གཏན་འབེབས་དང་འབྲེལ་ལས་དོན་དངོས་སུ་འགོ་འཛུགས་གནང་ཡོད། 
སེར་སྨད་ལྷ་རམས་པ་ཧ་ཤེན་རིན་པོ་ཆེས་གསུངས་དོན། ཚིག་འཛོད་འདི་རྒྱ་ཡིག་དུ་བསྒྱུར་དགོས་པའི་དམིགས་ཡུལ་གཙོ་བོ་ནི། ལེགས་སྦྱར་ནས་བོད་ཡིག་ཏུ་བསྒྱུར་བ་དང་བོད་ཀྱི་མཁས་པས་མཛད་པའི་ལེགས་བཤད་མང་པོ་ཞིག་བོད་ཡིག་ཐོག་ཡོད་པ་དང་། རྩ་ཆེའི་རིག་གནས་མང་པོ་ཞིག་བོད་ཡིག་ཐོག་ཉམས་མེད་གནས་ཡོད་པ་དང་། རྒྱ་ཡིག་ཐོག་ཏུ་ཡང་ལེགས་སྦྱར་ནས་བསྒྱུར་བའི་བཀའ་བསྟན་དང་རྒྱ་ཡི་མཁས་པས་མཛད་པའི་ལེགས་བཤད་ཀྱང་མི་ཉུང་བ་ཞིག་ཡོད་པ་དང་། དེ་དག་ཕན་ཚུན་གྱི་སྐད་ཡིག་ཐོག་བསྒྱུར་ཐུབ་ན་བསྟན་པ་ཡུན་རིང་དུ་གནས་པ་དང་། སྐལ་ལྡན་གྱི་འགྲོ་བ་གྲངས་ལས་འདས་པ་ཞིག་ལ་ཕན་ཐོགས་ཡོད་པས། དེ་འདྲའི་འགྱུར་ཚད་ལྡན་ཞིག་ཡོང་བ་ལ་གལ་ཆེ་བ་ནི་ཚད་ལྡན་གྱི་ཚིག་མཛོད་ཅིག་ཡོད་དགོས་པ་ནི་མེད་དུ་མི་རུང་བའི་ཆ་རྐྱེན་ཞིག་ཡིན་པས། དེ་ལ་བོད་ཕྱི་ནང་གཉིས་ཀ་ནས་ཚད་ལྡན་དུ་བརྩི་བཞིན་པའི་སྨོན་ལམ་བོད་ཀྱི་ཚིག་མཛོད་ཆེན་མོ་རྒྱ་ཡིག་ཏུ་བསྒྱུར་རྒྱུའི་འགོ་འཛུགས་བྱས་པ་ཡིན་ལ། ལས་གཞི་འདི་ལེགས་འགྲུབ་བྱུང་ན་བོད་རྒྱའི་རིག་གཞུང་བརྗེ་རེས་ཀྱི་ལོ་རྒྱུས་ཁྲོད་དུའང་གལ་ཆེའི་ནུས་པ་འདོན་ཐུབ་པ་བཅས་ཀྱི་དགེ་མཚན་ཡོད་པ་རེད་ཅེས་གསུང་།

སྨོན་ལམ་ཚིག་མཛོད་ཆེན་མོ་རྒྱ་འགྱུར་གྱི་གན་རྒྱ་དང་ལས་གཞིའི་དམིགས་ཚད།

དེ་ཡང་། ཐའེ་ཝན་ཐེག་ཆེན་ཆོས་ཚོགས་ཀྱིས་གཙོ་འགན་པ་ཧ་ཤེན་རིན་པོ་ཆེ་དང་། ཁོང་གིས་གཙོ་སྐྱོང་འོག་ཆེད་འཛུགས་གནང་བའི་ཡིག་བསྒྱུར་ཚོགས་པས་འགན་འཁུར་ནས་ལས་དོན་འདི་ལག་བསྟར་བྱ་རྒྱུ་དང་། ཐའེ་ཝན་ཧྥ་ཀོ་སློབ་ཆེན་གྱི་དགེ་རྒན་ཆེན་མོ་འབུམ་རམས་པ་བསོད་ནམས་དབང་རྒྱལ་ལགས་ཀྱིས་འགན་འཛིན་གནང་བའི་མི་སྣ་བདུན་ལས་གྲུབ་པའི་ལོ་ཙཱ་བའི་ཚོགས་པ་ཞིག་བཙུགས་ཡོད་པ་དང་། དེའི་ནང་གི་དྲུག་ནི་ཨ་རི་དང་འཇར་མན་ནེ་སོགས་གཙུག་ལག་སློབ་ཆེན་ཁག་ནས་ཐོན་པའི་ནང་བསྟན་དང་བོད་རིག་པའི་སྡེ་ཁག་ནས་ཐོན་པའི་འབུམ་རམས་པའི་ཚད་མཐོའི་ཤེས་ཡོན་ལག་འཁྱེར་ཡོད་པའི་ལོ་ཙཱ་བ་ཡིན་ཞིང་། དུས་རིམ་གཏན་ཁེལ་གྱི་ཁྱབ་ཁོངས་སུ་ཡིག་སྒྱུར་གྲུབ་དོན་ཞིབ་ཕྲའི་ཚོགས་འདུ་དང་དཔྱད་གླེང་། ལོ་ཙཱ་མཁས་པའི་ཚོགས་འདུ་སོགས་འཚོགས་པ་བརྒྱུད་ནས་ཡིག་བསྒྱུར་གྱི་གྲུབ་དོན་གཏན་འབེབས་བྱ་རྒྱུ་ཡིན་འདུག
འདིའི་ཐད་ཧ་ཤེན་རིན་པོ་ཆེས། ཚིག་མཛོད་ཆེན་མོ་འདིའི་རྩ་བའི་མ་ཚིག་བསྒྱུར་རྒྱུ་ཁོ་ནར་ཡང་ཐའེ་ཝན་སྒོར་མོ་ཁྲི་སུམ་བརྒྱ་འགྲོ་ངེས་ཡིན་པ་དང་། དེ་རྗེས་འགྲེལ་བཤད་བསྒྱུར་བ་སོགས་ཀྱི་ལས་གཞིའི་འགྲོ་གྲོན་ནི་དེ་ལས་ལྡབ་མང་པོས་ཆེ་བ་ཞིག་ཡིན་པ་དང་། མ་གཞི་ཡིག་སྒྱུར་ནི་ཧ་ཅང་དཀའ་ཚེགས་ཆེ་ལ་ནན་ཏན་དགོས་པའི་རིག་གནས་ཀྱི་ལས་གཞི་གལ་ཆེན་ཞིག་རེད་ཅེས་འགྲེལ་བརྗོད་གནང་སོང་།
ཆོས་ཚོགས་ཀྱི་ཚོགས་གཙོ་ལྕམ་ཧྲའོ་ཆན་རུ་ཡིས། རྒྱ་ཡིག་ནི་མིག་སྔར་འཛམ་གླིང་ཐོག་མི་མང་ཤོས་ཀྱིས་སྤྱོད་བཞིན་པའི་སྐད་ཡིག་ཅིག་ཡིན་པས་ཚིག་མཛོད་འདི་ཉིད་དེར་ཕབ་ཐུབ་ན་དམིགས་བསལ་གྱི་དགོས་ནུས་ཆེན་པོ་ཡོད་པར་ངོས་འཛིན་དང་འབྲེལ་བའི་གཏམ་བཤད་བྱས།
མཇུག་མཐར། ཡིག་བསྒྱུར་ལས་དོན་འགན་འཛིན་པ་དགེ་རྒན་ཆེན་མོ་བསོད་ནམས་དབང་རྒྱལ་ལགས་ཀྱིས། ལས་གཞི་རྒྱ་ཆེན་འདི་ནི་སློབ་སྦྱོང་དང་། ལྟ་བ་བརྗེ་རེས། ཡིག་སྒྱུར་ཉམས་མྱོང་གི་གོ་སྐབས་གསོག་ས་བཅས་ཀྱི་སྟེགས་བུ་ཡག་པོ་ཞིག་ཡིན་ལ་འབྱུང་འགྱུར་ལས་གཞི་འདིར་ཤེས་ཡོན་པ་གང་མང་མཉམ་ཞུགས་དང་འབྲེལ་མ་འོངས་ལོ་ཙཱའི་སོན་རྩ་སྐྱེད་སྲིང་ཐུབ་པའི་འཆར་འགོད་ཀྱང་ཡོད་པས། རྩ་ཆེའི་ལས་དོན་འདི་ཉིད་བདེ་བླག་ངང་འགྲུབ་པ་བྱ་དགོས་ཞེས་གསུང་རྗེས་ཉིན་དེའི་ཚོགས་འདུ་ཡོངས་སུ་མཇུག་སྒྲིལ། 
ཚོགས་འདུའི་ཐོག་ཏུ་མ་འོངས་ལས་གཞིའི་ཁ་ཕྱོགས་དང་ཞིབ་ཕྲའི་ལས་དོན། ལས་འགན་གོ་སྒྲིག་སོགས་གཞི་རྩའི་གྲོས་གཞི་ཁག་ལ་གྲོས་འཆམས་དང་གཏན་འབེབས་བྱུང་ཡོད་པ་རེད་འདུག

ཚིག་འཛོད་ཆེན་མོ་རྒྱ་བསྒྱུར་གྱི་གཙོ་བོའི་འགན་འཁུར་བའི་ཆོས་ཚོགས་ཀྱི་ཁ་བྱང་།

大乘林佛學會 http://mahayanabuddhism.org
གནས་ཡུལ། 地點:新北市林口區文化三路一段39巷116弄9號2樓
ཁ་པར། 專線:0986896866 (02)26009202
གློག་འཕྲིན། 信箱:mahayana628@gmail.com་