Loading...

དབྱིན་སྐད་དུ་ Part of speech ཞེས་པ་བོད་སྐད་དུ་བརྡ་སྤྲོད་ཀྱི་དབྱེ་བ་ཞེས་པ་ཡིན་ལ། ཕྱི་ལོ་ ༡༩༧༩ ནས་བཟུང་ད་བར་བོད་ཀྱི་མཁས་པ་ཚོས་མིང་དང་དབྱེ་སྒོ་སྣ་ཚོགས་ཤིག་བྱས་ཡོད་ཀྱང་གཅིག་གྱུར་ལེགས་པོ་ཞིག་བྱུང་མེད་ལ། ཡོངས་གྲགས་བཀོལ་སྤྱོད་དང་སློབ་སྦྱོང་ཚད་ཀྱང་བྱུང་མེད།  ང་ཚོས་ཐ་སྙད་ཆིག་འབུམ་བདུན་སྟོང་བརྒྱ་དང་བཅུ་གསུམ་གཤམ་གསལ་དབྱེ་བ་ཁག་གི་ནང་དཔྱད་བསྡུར་ཟུང་འབྲེལ་གྱིས་བརྡ་སྤྲོད་ཀྱི་དབྱེ་བའམ་སྡེ་ཚན་བཅུ་གཉིས་བྱས་ཡོད་པ་ནི། མིང་ཚིག རྒྱན་ཚིག བྱ་ཚིག  བསྣན་ཚིག ཕྲད་ཚིག ཚབ་ཚིག གྲོགས་ཚིག སྒྲུབ་ཚིག གྲངས་ཚིག འཇལ་ཚིག མཚུངས་ཚིག འབོད་ཚིག་བཅས་སུ་གཏན་ལ་ཕབ་ཡོད་ལ། ད་དུང་ཡང་ནང་གསེས་ཀྱི་དབྱེ་བ་ཁག་ལ་ཞིབ་འཇུག་བྱེད་བཞིན་པ་ཡིན།  འདི་ལྟར་བརྡ་སྤྲོད་ཀྱི་དབྱེ་བ་ཕྱེ་བ་ནི་ཚིག་མཛོད་ཙམ་མ་ཡིན་པར་སྐད་ཡིག་སློབ་གཉེར་བྱེད་པ་ལ་ཆེས་མཁོ་གལ་ཆེ་བ་སྟེ། ཉམས་ཞིབ་པ་དང་ཉམས་མྱོང་ཅན་མང་པོས་གསུངས་ན། སྤྱིར་སྐད་ཡིག་གཉིས་པ་ཞིག་སྦྱོང་བའི་དུས་ཡུན་ལོ་གསུམ་ཙམ་ཡིན་ཡང་། མི་རིགས་གཞན་པའི་བོད་སྐད་སྦྱོང་མཁན་རྣམས་ཀྱིས་ལོ་གསུམ་ནང་བོད་སྐད་ཤེས་ཐུབ་ཀྱི་མེད་པ། གཙོ་བོ་རྒྱལ་སྤྱིའི་སྤྱི་འགྲོས་དང་མཐུན་པའི་བརྡ་སྤྲོད་ཀྱི་དབྱེ་བ་འདི་རིགས་བཀར་མ་ཐུབ་པ་ལ་ཐུག་ཡོད་པར་གསུང་གིན་ཡོད་པ་དོན་ལ་ཡང་གནས་ངེས། དེས་ན་ང་ཚོས་མུ་མཐུད་དབྱེ་ཞིབ་བླང་དོར་ཞིབ་ནན་སྒོས་བརྡ་སྤྲོད་ཀྱི་དབྱེ་བ་འདི་དག་ལ་ཞིབ་འཇུག་གི་ལས་འཆར་འགྲོ་བཞིན་པ་ཡིན།

དེ་བཞིན་མཉེན་ཆས་ཀྱིས་རང་འགུལ་སྒོས་ཐ་སྙད་རེ་རེ་ངོས་འཛིན་ཐུབ་ཐབས་ཀྱི་ཐབས་ལམ་འཚོལ་ཞིབ་བྱེད་བཞིན་ཡོད་ལ། འདི་ནི་ཡི་གེ་རྣམས་ཀྱི་དག་ཆ་ནོར་ཡོད་མེད་རང་འགུལ་གྱིས་ཐག་གཅོད་པ་ལ་མེད་དུ་མི་རུང་བ་ཞིག་ཡིན།

དེ་བཞིན་གོང་གི་བརྗོད་ཟིན་པའི་བརྡ་སྤྲོད་ཀྱི་དབྱེ་བ་དག་ཚིག་གྲུབ་ཏུ་ཞུགས་ཚེ་གོ་རིམ་ཇི་ལྟར་བསྒྲིག་དགོས་མིན་ནི་ཧ་ཅང་གལ་ཆེ་བའི་བརྡ་སྤྲོད་ཀྱི་གལ་གནད་ཡིན། སྤྱིར་གོམས་གཤིས་ཀྱིས་དབང་གིས་བོད་སྐད་ལ་གོ་རིམ་དེ་ཡོད་ངེས་ཀྱང་། སྔོན་ཆད་དེ་དག་གི་གོ་རིམ་ཇི་ལྟར་བྱས་ནས་བེད་སྤྱོད་གཏོང་ཚུལ་གྱི་རྣམ་གཞག་ཅིག་གཏན་ནས་བྲིས་མེད་པ་འདྲ། འདི་ནི་སྐད་ཡིག་སློབ་གཉེར་སྤྱི་དང་། ཁྱད་པར་ཚིག་སྒྲུབ་བཟོ་བ། ཡིག་བསྒྱུར་སྐབས་བོད་རང་གི་སྐད་ཆའི་ཆོས་ཉིད་དང་མཐུན་པ་ཞིག་ཡོང་པ་དང་། མཉེན་ཆས་ཀྱིས་ཡིག་སྒྱུར་བྱ་བ་བཅས་ལ་མེད་དུ་མི་རུང་བ་ཞིག་ཡིན་སྟབས། ང་ཚོས་ནན་ཟབ་དགོས་ཞིབ་འཇུག་བྱེད་བཞིན་པ་ཡིན།