Loading...

༢༠༡༧ ལོའི་ཟླ་ ༡༡ ཚེས་ ༡ ནས་ ༥ བར་བཞུགས་སྒར་དྷ་རམ་ས་ལའི་ཉེ་འཁྲིས་རྒྱུད་སྟོད་གྲྭ་ཚང་གི་དཔེ་མཛོད་ཁང་གིས་གོ་སྒྲིག་བྱས་ཏེ་ཉིན་ལྔའི་རིང་དཔེ་དེབ་ཞུ་སྒྲིག་དང་། གནའ་དེང་དཀར་ཆག་རིག་པའི་རྒྱལ་ཡོངས་ཟབ་སྦྱོང་ཞིག་འཚོགས་ཡོད། སྐབས་དེར་ཚོགས་སྡེ་དང་སློབ་གཉེར་ཁང་ ༣༦ ནས་ཕེབས་པའི་ཚོགས་བཅར་བ་ ༧༠ ལྷག་མཉམ་ཞུགས་གནང་ཡོད་པ་རེད།

སྐུ་མགྲོན་གཙོ་བོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་དཔེ་དེབ་ཞུ་སྒྲིག་དང་དཀར་ཆག་རིག་པའི་སྐོར་ལ་ཚོགས་ཐུན་གཉིས་ཀྱི་རིང་བཀའ་སློབ་ཟབ་རྒྱས་གནང་ཡོད་པ་རེད།

དེ་བཞིན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དང་སྤྲུལ་སྐུ་མཐུ་སྟོབས་རིན་པོ་ཆེ་ཟུང་འབྲེལ་གྱིས་སྒྲུབ་པའི་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ཐོག་དང་པོར་ངོ་སྤྲོད་བྱས་པ་རེད། 
གཞན་ཡང་སྐབས་དེར་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་དང་། དཔེ་མཛོད་རིག་པའི་ཆེད་ལས་པ་ངག་དབང་ཚེ་དཔག་དང་། གནའ་དེང་གི་དཀར་ཆག་ལ་མཁས་པ་སློབ་དཔོན་ཆེན་མོ་བྱམས་པ་བསམ་གཏན་ལགས། འབུམ་རམས་རབ་གླིང་རྡོ་རྗེ། མཁས་དབང་རྒྱལ་མཚན་རྣམ་གྲོལ་བཅས་མཉམ་འཛོམས་ཀྱིས་ཟུར་དུ་དཔེ་མཛོད་འཛིན་སྐྱོང་མ་ལག་སྐོར་ལ་གྲོས་བསྡུར་དང་བསམ་ཚུལ་བརྗེ་ལེན། དྲི་བ་དྲིས་ལན་སོགས་བྱས་ཡོད་པ་རེད།


རྩིས་འཁོར་མ་བྱུང་སྔོན་གྱི་དཔེ་མཛོད་དཀར་ཆག་གི་གནས་སྟངས། 

རྩིས་འཁོར་མ་བྱུང་བའི་སྔོན་དུ་དཔེ་མཛོད་ཀྱི་ལས་ཀ་ཁག་གཞན་སུ་ལ་ཡང་མ་བརྟེན་པར་ལག་པས་དཔེ་དེབ་ཐོ་འགོད་ཀྱི་སྒྲིག་སྲོལ་ལག་བསྟར་བྱས་པ་ལས་བྱུང་བ་ཡིན་ལ། སྐབས་དེའི་དཀར་ཆག་སྒྲིག་མཁན་ཚོས་གཙོ་བོ་ནི་card catalog system ཞེས་པའི་ལམ་ལུགས་འདི་བཀོལ་སྤྱོད་བྱས་པ་མ་ཟད། ཐོ་གཞུང་དུ་བཀོད་ཟིན་པའི་དེབ་གཡར་ལེན་བྱེད་དུས་དཀར་ཆག་རེའུ་མིག་གཞིར་བཟུང་ལྟར་སོ་སོའི་མིང་དང་མཚན་རྟགས་བཀོད་རྗེས་འཛིན་སྐྱོང་མདུན་ཅོག་སྟེང་དུ་འཇོག་དགོས། གལ་ཏེ་དེབ་གཡར་མཁན་སུ་ཞིག་གིས་དུས་བཅད་ལྟར་དེབ་ཡར་རྩིས་སྤྲོད་མ་བྱས་ན་དཔེ་མཛོད་དོ་དམ་པས་དེ་བཞིན་དུ་ཆད་པ་གཅོད་པ་ཡིན། 


ཕྱི་ལོ་༡༩༣༦ ལོར་འཕྲུལ་ཆས་བཀོལ་སྒྱུར་གྱི་རིག་པ་འདི་དར་རྗེས་སུ་ University of Texas ཞེས་པའི་ཨ་རིའི་གཙུག་ལག་སློབ་གྲྭ་འདིས་ཐོག་མར་དཔེ་མཛོད་འཛིན་སྐྱོང་གི་སྟངས་འཛིན་གྱི་ལམ་ལུགས་punch card system ཞེས་པ་འདི་བཀོལ་སྤྱོད་བྱས་པ་ཡིན། དུས་དེ་ནས་བཟུང་དཔེ་མཛོད་ཀྱི་ལས་ཀ་བྱེད་ཕྱོགས་ལ་འགྱུར་བ་ཤུགས་ཆེན་པོ་ཞིག་ཕྱིན་ཡོད་པ་དང་། དཔེ་མཛོད་ཞབས་ཞུའི་ལས་རིམ་ཡང་སྔར་ལས་གོང་བུ་གཅིག་གྱུར་རམ་འཐུས་སྒོ་ཇེ་ཚང་དུ་ཕྱིན་ཡོད། 

ཕྱི་ལོ༡༩༦༠ལོའི་གློག་ཀླད་ལག་རྩལ་གྱི་ཤུགས་རྐྱེན། 


དེའི་རྗེས་ཕྱི་ལོ་༡༩༦༠ལོར་MARC standards  ཚད་ལྡན་གྱི་དཀར་ཆག་སྒྲིག་ཆས་འདི་གསར་དུ་བྱུང་བ་དང་དུས་མཚུངས་སུ་གློག་ཀླད་ལག་རྩལ་ཡར་རྒྱས་ཕྱིན་པར་བརྟེན་ནས་ library automation དཔེ་མཛོད་རང་འགུལ་འཕྲུལ་འཁོར་བཀོལ་སྤྱོད་ཀྱི་མ་ལག་འདི་ཡང་གསར་དུ་བྱུང་བ་རེད། འདི་འདྲའི་གནས་སྟངས་ཤིག་གི་འོག་ནས་ཕྱི་ལོ་ ༡༩༣༦ལོ་ནས་༡༩༧༠ ལོའི་བར་དུ་གློག་ཀླད་ནང་དུ་དཔེ་མཛོད་ཀྱི་དཀར་ཆག་སྒྲིག་སྟངས་ཚོད་ལྟ་བྱས་པ་དང་། ཕྱི་ལོ་༡༩༦༧ ལོ་ནས་དཀར་ཆག་ཐོ་འགོད་ཀྱི་ཞབས་ཞུའི་དྲ་ཐོག་མཉེན་ཆས་གསར་པ་བེད་སྤྱོད་བྱས་པ་མ་ཟད། MARC དང་མཉམ་དུ་ཐ་སྙད་རེའུ་མིག་ཁྲོམ་རར་འགྲེམས་སྤེལ་བྱས་པ་རེད། འདིའི་ནང་དུ་OCLC དྲ་ཐོག་དཔེ་མཛོད་ལྟེ་གནས་དང་། Research Libraries Group དཔེ་མཛོད་ཉམས་ཞིབ་སྡེ་ཚན། Washington Library Network ཝཱ་ཤིན་ཏྲོན་གྱི་དཔེ་མཛོད་དྲ་རྒྱ་སོགས་ཚུད་ཡོད། 

སྔ་མའི་དཔེ་མཛོད་འཛིན་སྐྱོང་ལམ་ལུགས། 


( ༡༩༧༠ --༡༩༨༠ )ཕྱི་ལོ་༡༩༧༠ ལོ་ནི་ཁ་པར་འབྲེལ་ལམ་དང་གློག་ཀླད་ཤོང་ཚད་ཡར་རྒྱས་འགྲོ་བའི་དུས་རབས་ཤིག་རེད། དེ་ལྟར་འཕྲུལ་ཆས་ལག་རྩལ་ཡར་རྒྱས་ཕྱིན་པའི་མཐའ་མའི་འབྲས་བུ་ལས་ཆེས་སྤྱོད་སྒོ་ཆེ་བའི་ཐུན་མོང་གི་དཔེ་མཛོད་འཛིན་སྐྱོང་ལམ་ལུགས་(ILS) འདི་དར་བ་རེད། དཔེ་མཛོད་འཛིན་སྐྱོང་དང་སྟངས་འཛིན་བྱེད་པར་ཆེས་དགོས་མཁོ་ཆེ་བའམ་མེད་དུ་མི་རུང་བའི་འབྲེལ་མཐུད་ཀྱི་མ་ལག་གཉིས་ནི་མཁྲེགས་ཆས་དང་མཉེན་ཆས་གཉིས་ཡིན། དེ་བཞིན་དུ་འཕྲུལ་ལས་རིག་པ་འདི་ཡར་རྒྱས་ཕྱིན་པ་དང་། དཔེ་མཛོད་འཛིན་སྐྱོང་ལམ་ལུགས་འདི་བརྒྱུད་ནས་དཔེ་མཛོད་ཁག་མང་པོ་ཞིག་གི་དཀར་ཆག་སྒྲིག་སྟངས། དཔེ་དེབ་ཀྱི་མིང་བྱང་འགོད་སྟངས། གློག་ཀླད་འཆར་ངོས་སུ་ཨང་གྲངས་བང་རིམ་སྒྲིག་སྟངས་ལ་སོགས་པར་གྲུབ་འབྲས་མི་དམན་པ་ཞིག་ཐོབ་ཡོད། 

དྲ་རྒྱའི་དུས་རབས། 


( ༡༩༩༠–༢༠༠༠)ཕྱི་ལོ་༡༩༩༠ ནས ༢༠༠༠ལོའི་བར་དུ་དྲ་རྒྱའི་གསར་བརྗེ་འཕོ་འགྱུར་བྱུང་བ་དང་དུས་མཚུངས་སུ་དཔེ་མཛོད་འཛིན་སྐྱོང་ལམ་ལུགས་དེས་OPACS  དཔེ་མཛོད་དཀར་ཆག་འདི་བརྒྱུད་ནས་དཔེ་མཛོད་ཁག་གཞན་དག་ལ་དྲ་ཐོག་ནས་དཀར་ཆག་སྟབས་བདེ་བཀོལ་སྤྱོད་བྱེད་ཆོག་པའི་སྒོ་ལམ་ཡངས་མོར་ཕྱེ་བའི་འགོ་ཚུགས་པ་རེད། དེ་ནས་དཔེ་མཛོད་སྤྱོད་མཁན་ཚོས་དྲ་ཐོག་ནས་དཔེ་མཛོད་ལས་གཞིའི་རེའུ་མིག་གཞིར་བཟུང་ནས་རང་ཉིད་ཐོ་གཞུང་ནང་དུ་འཛུལ་ཞུགས་བྱས་རྗེས་དཔེ་དེབ་གཡར་ལེན་བྱེད་ཐུབ། འདི་ལྟ་བུའི་དུས་སྐབས་དེར་དཔེ་མཛོད་འཛིན་སྐྱོང་གི་ཁྲོམ་ར་སྔོན་དཔག་ལས་བརྒལ་བར་གྱུར་བ་རེད། དཔེར་ན། ཕྱི་ལོ་༡༩༨༢ ལོར་ལོ་རེར་ཆ་སྙོམས་ཨ་སྒོར་ས་ཡ་༥༠བྱུང་བ་དང་བསྡུར་ན་༢༠༠༢ ལོར་ལོ་རེར་ཆ་སྙོམས་ཨ་སྒོར་ས་ཡ་༥༠༠ བྱུང་བ་རེད། 

༢༠༠༠ལོའི་དུས་དཀྱིལ་ནས་ད་ལྟའི་བར་དུ་དྲ་རྒྱའི་གོང་ཚད་འཕར་བ་དང་བསྟུན་ནས་མི་མང་གིས་འདོད་བློ་མ་ཁེངས་པ། 

ཕྱི་ལོ་༢༠༠༠ལོའི་དུས་དཀྱིལ་ཙམ་ནས་ILS ཞེས་པའི་དཔེ་མཛོད་འཛིན་སྐྱོང་ལམ་ལུགས་ཏེ་ཚོང་རྫས་ཀྱི་ངོ་བོ་ལྟ་བུར་གྱུར་ཏེ་དཔེ་མཛོད་ཁག་ཆུང་ཆུང་མང་པོ་ཞིག་གིས་འདོད་བློ་མ་ཁེངས་པར་གྱུར་བ་དང་། དེ་ནས་དཔེ་མཛོད་ཁག་མང་པོ་ཞིག་གིས་རིན་མེད་དཔེ་མཛོད་འཛིན་སྐྱོང་ལམ་ལུགས་ ཁོ་ཧཱ (koha ) དང་ཨྀ་ཧྦྀར་གྷི་རིན་(Evergreen ) བཟོ་རྒྱུའི་ཕྱོགས་སུ་གོམ་པ་སྤོས་པ་རེད། འདི་ལྟར་བྱེད་དགོས་པའི་ཐུན་མོང་གི་རྒྱུ་མཚན་གཙོ་བོ་གསུམ་ནི་མཉེན་ཆས་ཡར་རྒྱས་གཏོང་བར་རིན་མེད་ངང་འཛུལ་ཞུགས་བྱེད་ཆོག་དགོས་པ་དང་། དཔེ་མཛོད་ཐོབ་ཐང་ལག་འཁྱེར་བཟོ་བར་སློབ་ཡོན་སྤྲོད་མི་དགོས་པ། དཔེ་མཛོད་ཁང་དེ་ཚོང་ལས་ཀྱི་ངོ་བོར་མི་འགྱུར་བ་བཅས་ཡིན། དེ་བཞིན་དུ་རྗོར་རྗེ་ཡ་མི་མང་ཞབས་ཞུའི་དཔེ་མཛོད་ཁང་དང་། ( Georgia PINES  library ) ལྷོ་ཁ་རོ་ལི་ཡ་མངའ་སྡེའི་དཔེ་མཛོད་ཁང་། ( South Carolia State library ) ལ་སོགས་པའི་དཔེ་མཛོད་ཁག་ཅིག་མཉམ་ལས་ཀྱི་གན་རྒྱ་བཞག་ཅིང། རིན་མེད་དཔེ་མཛོད་འཛིན་སྐྱོང་ལམ་ལུགས་གསར་བ་ SCLENDS ཞེས་པ་འདི་བཀོལ་སྤྱོད་བྱེད་འགོ་ཚུགས་པ་དང་ལོ་རེ་བཞིན་འདི་བཀོལ་སྤྱོད་བྱེད་མཁན་གྱི་བརྒྱ་ཆ་རིམ་བཞིན་འཕར་བ་མ་ཟད། དཔེ་མཛོད་བྱེད་སྒོ་ཁག་མཉམ་ལས་ཀྱི་གན་རྒྱ་འཇོག་མཁན་གྱི་དཔེ་མཛོད་ཁང་ཡང་ལོ་རེ་ནས་ལོ་རེ་བཞིན་ཇེ་མང་དུ་གྱུར་པ་རེད། 

ཕྱི་ལོ་༢༠༡༠ནས་ད་ལྟའི་བར་དུ་ Cloud ཁ་ལའུ་ཌི་ཞེས་པའི་རྨང་གཞི་བྱས་ནས་དཔེ་མཛོད་དཀའ་ངལ་སེལ་ཐབས། 

ཁ་ལའུ་ཌི་ཞེས་པའི་འཕྲུལ་ཆས་འདི་བྱུང་བ་ནས་བཟུང་ཁ་ལའུ་ཌི་རྨང་གཞི་བྱས་པའི་དཔེ་མཛོད་འཛིན་སྐྱོང་ལམ་ལུགས་ཡར་རྒྱས་ཤུགས་ཆེན་པོ་ཕྱིན་པ་རེད། དེའི་ཐུན་མོང་གི་འཛིན་སྐྱོང་ལམ་ལུགས་ཁ་ཤས་ནི། དཔེར་ན། ཨིན་སིག་ནི་ཡ་མཉེན་ཆས། ( Insignia software) ཁ་ལའུ་ཌི་རྨང་གཞི་བྱས་པའི་དཔེ་མཛོད་འཛིན་སྐྱོང་ལམ་ལུགས། ( libramatic) འཛམ་གླིང་མཉམ་སྤྱོད་ཐུབ་པའི་དྲ་ཐོག་གློག་ཀླད་དཔེ་མཛོད་དཀར་ཆག (OCLC WorldShare) ཨོལ་མཱ། ( Alma) ཨའུ་ར་མཉེན་ཆས། ལི་བྷིར་རི་ཁ ( Librarika ) ལ་སོགས་པ་ལྟ་བུའོ། དེང་རབས་ཀྱི་ཁ་ལའུ་ཌི་རྨང་གཞི་བྱས་པའི་དཔེ་མཛོད་དཀར་ཆག་སྒྲིག་སྟངས་ཀྱི་དཀའ་ངལ་ཏེ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་དཔེ་དེབ་བཤེར་འབེབས་ཀྱི་ལམ་ལུགས་ལ་བརྟེན་ནས་རང་འགུལ་དཀར་ཆག་སྒྲིག་བཟོ་བྱེད་ཐུབ་ཡོད། འཕྲུལ་ལས་རིག་པ་འདི་གསར་གཏོད་བྱེད་པོ་གཙོ་བོ་ནི་འཛམ་གླིང་མཉམ་སྤྱོད་ཐུབ་པའི་དྲ་ཐོག་གློག་ཀླད་དཔེ་མཛོད་དཀར་ཆག་དེ་ཡིན། ཡིན་ནའང་ཉེ་བའི་ཆར་ལམ་ལུགས་འདི་བཀོལ་སྤྱོད་པ་ནི། དཔེར་ན། ཨིན་སིག་ནི་ཡ་མཉེན་ཆས། ( Insignia software) དང་ལི་བྷིར་རི་ཁ ( Librarika )གཉིས་ཡིན། 


བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས། 
TIBETAN LIBRARY MANAGEMENT SYSTEM SOFTWARE

སྤྱི་ཚོགས་ཤིག་ཡར་རྒྱས་འགྲོ་དགོས་ན་ཤེས་ཡོན་ལ་རག་ལས། ཤེས་ཡོན་དེ་ཡང་དགེ་རྒན་གྱིས་སློབ་ཁྲིད་ཙམ་གྱིས་འགྲིག་ཐབས་མེད། སློབ་ཁྲིད་ནི་ཤེས་ཡོན་གྱི་ལྡེ་མིག་ཙམ་ལས་གཏིང་དཔོག་ནུས་པ་ཞིག་མིན། དེས་ན་ཁྱེད་དང་ཁྱེད་ཀྱི་ཉེ་འཁོར་ན་ཡོད་པ་རྣམས་ཀྱིས་གཏིང་དཔོག་ནུས་པའི་ལས་དོན་ཞིག་བྱེད་འདོད་ན། རྣམ་དཔྱོད་དང་དྲན་རྒྱུ་མང་བ་ཙམ་གྱིས་འགྲིག་ཐབས་མེད་པ་ཤེས་གསལ་རེད། དེར་བརྟེན་དཔེ་དེབ་ནི་ཧ་ཅང་གལ་ཆེ། འོན་ཀྱང་དགོས་མཁོའི་དཔེ་ཆ་ཡོངས་རྫོགས་ཁྱེད་ལ་ཡོད་མི་སྲིད།  དཔེ་མཛོད་ཁང་ནི་དེ་བས་ཀྱང་གལ་ཆེ།  ཡིན་ནའང་དཔེ་ཆ་ཡོད་པ་ཙམ་གྱིས་མི་འགྲིག་པར་བཀོལ་སྤྱོད་སྟབས་བདེ་ཞིག་དགོས་པ་ནི་ཧ་ཅང་གནད་འགག་ཆེན་པོ་རེད། 

ཁྱེད་རང་གི་ཉེ་འཁོར་ན་རང་གི་སྐད་ཡིག་དང་རིག་གཞུང་གི་ཁྱད་ཆོས་ལྡན་པའི་ཤེས་བྱ་སྣ་མང་གི་དེང་རབས་དཔེ་མཛོད་ཅིག་ཡོད་དམ། ཁྱེད་རང་དཔེ་མཛོད་ལ་སོང་ནས་དུས་ཡུན་ཐུང་ངུ་ཞིག་གི་ནང་ཁྱེད་ལ་དགོས་པའི་བརྗོད་གཞི་རྙེད་ཆོག་ཆོག་ཅིག་འདུག་གམ། ཁྱེད་ཀྱིས་དཔེ་མཛོད་ཁང་ལ་དཔེ་ཆ་ག་རེ་ཡོད་མེད་དང་། དཔེ་ཆ་རེ་རེའི་ནང་བརྗོད་བྱ་ཅི་ཞིག་ཡོད་མེད། ཤོག་ངོས་གང་ན་ཡོད་མེད་སོགས་སྐར་ཆ་འགའི་ནང་དཔེ་མཛོད་ལས་བྱེད་པར་མ་བརྟེན་པར་ཤེས་འདོད་འདུག་གམ། ཁྱེད་རང་དཔེ་མཛོད་དོ་དམ་པ་ཞིག་ཡིན་ན་མཛུབ་མོ་འགུལ་ཙམ་གྱིས་འཛད་སྤྱོད་པའི་དགོས་མཁོ་བསྐངས་པའི་ནུས་པ་ཡོད་དམ། 

ང་ཚོས་འདི་ནས་བོད་ཀྱི་དཔེ་མཛོད་འཛིན་སྐྱོང་མ་ལག་མཉེན་ཆས་ཤིག་བཟོས་ཏེ་དཔེ་མཛོད་རིག་པའི་འགྲོ་ལུགས་དང་མཐུན་ཞིང་རྒྱལ་སྤྱིའི་ཁྱོན་ཡོངས་ཀྱི་རིག་ཚན་ཁག་དང་། ལྷག་པར་བོད་ཀྱི་རིག་ཚན་ཁག་གི་སྡེ་ཚན་དབྱེ་འབྱེད་སྟབས་བདེ་ལ་འཐུས་སྒོ་ཚང་བ། འཚོལ་ཞིབ་དང་གནས་ཚུལ་མཁོ་སྤྲོད་མགྱོགས་མྱུར་ལྡན་པ། མདོར་ན་དཔེ་མཛོད་ཀྱི་དཀར་ཆག་དང་། དཔེ་ཆ་གཡར་ལེན། དཔེ་ཆ་མཁོ་སྒྲུབ། དཔེ་ཆ་བཙོང་བ། ལས་བྱེད། ཁུངས་མི་དོ་དམ་བཅས་དཔེ་མཛོད་ཅིག་འཛིན་སྐྱོང་ཆ་ཚང་བ་བྱེད་ཐུབ་པ་ཞིག་ཡིན། 

དམིགས་ཡུལ། 

བོད་ཕྱི་ནང་གཉིས་གཅིག་གྱུར་གྱི་ཐོག་ནས་དེང་རབས་དཔེ་མཛོད་ཁག་དང་འདྲ་བའི་རང་གི་སྐད་ཡིག་སྟབས་བདེའི་དཔེ་མཛོད་འཛིན་སྐྱོང་མ་ལག་ཅིག་ཡོང་བར་ལེགས་སྤེལ་ཉེན་འགོག་ཡོང་ཐབས་ནི་མཉེན་ཆས་འདི་བཟོ་བའི་དམིགས་ཡུལ་ཉག་གཅིག་ཡིན།
མཉེན་ཆས་འདི་ཉིད་ཐོག་མར་ཟླ་ཤས་རིང་དཔེ་མཛོད་ཁང་འགས་ཚོད་ལྟའི་ཆེད་བཀོལ་སྤྱོད་བྱ་རྒྱུ་དང་། དེའི་རྗེས་སྤྱི་ཚོགས་ཁྲོད་རིན་མེད་འགྲེམས་སྤེལ་ཞུ་རྒྱུ་ཡིན། 
ལས་གཞི་འདིར་རོགས་རམ་གནང་མཁན།
འབྲེལ་ཡོད།
ཝར་ཎཱ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་གིས་དཔེ་མཛོད་རིག་པའི་གཞུང་ལུགས་དང་ཆེད་ལས་མི་སྣའི་མཐུན་རྐྱེན་གནང་བ་དང་།  བོད་ཀྱི་དཔེ་མཛོད་ཁང་གིས་ཚོད་ལྟའི་ཆེད་དཀར་ཆག་རྒྱུ་ཆ་མཁོ་སྒྲུབ་གནང་ཡོད་པ་བཅས།