Loading...

བོད་གངས་ཅན་གྱི་ལྗོངས་འདི་ནི་ནང་པ་སངས་རྒྱས་པའི་བསྟན་པ་དར་སྔ་ལ་གནས་ཡུན་རིང་བ། ལྟ་གྲུབ་དང་ཆོས་བརྒྱུད་སྣ་ཚོགས་པའི་གཞུང་ལུགས་དང་ཆོས་འབྱུང་ཤིན་ཏུ་མང་པའི་ཡུལ་གྲུ་ཞིག་ཡིན་པ་ཙམ་དུ་མ་ཟད། བོད་ཀྱི་གནའ་བོའི་རིག་གཞུང་གང་ཡིན་ཡང་ཆོས་ལུགས་ལྟ་གྲུབ་ཀྱི་ཤུགས་རྐྱེན་ཧ་ཅང་ཆེ་བ་ཞིག་ཡིན་པས། བོད་ཀྱི་རིག་གཞུང་གི་གཏིང་ལོན་ཅིང་བྲོ་བ་རྣལ་མ་ཞིག་མྱོང་འདོད་ན། ཆོས་ལུགས་ཀྱི་ལོ་རྒྱུས་དང་ལྟ་གྲུབ་ལ་ངེས་པར་དོ་སྣང་མ་བྱས་མཐུ་མེད་ལྟ་བུ་ཞིག་ཡིན། དེ་ཡང་ཕྱོགས་རེ་ཤེས་པ་ཙམ་གྱིས་ཅི་ཡང་མི་འཁྱོངས་པ་མ་ཟད། བཤད་པའི་ཀ་ཆེན་བཅུ་དང་སྒྲུབ་བརྒྱུད་ཆེན་མོ་བརྒྱད་སོགས་ཀྱི་ལོ་རྒྱུས་དང་ཆོས་འབྱུང་ལ་ཞིབ་འཇུག་དགོས་ལ། དེ་ཡང་ལྟ་གྲུབ་ཀྱི་གནད་དང་། ཆོས་འབྱུང་ལོ་རྒྱུས་ཀྱི་འཕེལ་རིམ། མཐོང་བ་བརྒྱུད་པའི་ཕྱག་བཞེས་སོགས་རྒྱུས་མངའ་ཟབ་པའི་ཆོས་བརྒྱུད་རང་རང་གིས་མཁས་པའི་འགྲེལ་བཤད་མ་གནང་ཕྱིན། ལོག་པར་འགྲེལ་བ། གོ་བ་མ་ལོན་པ།་ཞིབ་ཆ་མ་ཐོན་པ། ཕྱོགས་རིས་བྱས་པ་སོགས་བྱུང་བཞིན་པ་མངོན་གསལ་ཡིན། གཞན་ཡང་གང་ཟག་སོ་སོའི་ཁམས་དབང་མོས་པའི་བྱེ་བྲག་མི་འདྲ་ལ། བརྒྱུད་པའི་ལོ་རྒྱུས་ཀྱི་འབྲེལ་བ་ཡང་མི་འདྲ་བའི་དབང་གིས་བོད་ཀྱི་ཆོས་བརྒྱུད་ཡོངས་ཀྱི་ཐ་སྙད་ལ་ཐུན་མིན་རང་རང་གིས་འགྲེལ་བཤད་གནང་སྟངས་ངོ་སྤྲོད་ལེགས་པོ་ཞིག་མ་བྱས་ཚེ། རྒྱ་ཆེའི་ཚིག་མཛོད་མཛད་སྤྱོད་པ་དག་གི་རེ་བ་སྐོང་མི་ཐུབ་ལ། བོད་ཀྱི་རིག་གཞུང་ལོ་རྒྱུས་ཀྱི་བང་མཛོད་ཚད་ལྡན་ཞིག་དེ་བས་ཀྱང་ཆགས་མི་ཐུབ་པས། ང་ཚོས་འདི་ནས་ཆོས་བརྒྱུད་སོ་སོའི་དབུ་འཛིན་བླ་ཆེན་རྣམ་པར་འབྲེལ་བ་ཞུས་ཏེ། ཆོས་བརྒྱུད་སོ་སོའི་རང་ཁུངས་ནས་ཆེད་མཁས་པ་རྩ་འཛུགས་ཀྱིས་རྩོམ་སྒྲིག་ཁང་སུམ་ཅུ་ལྷག་གསར་འཛུགས་ཞུས་ཡོད། ད་ཆ་ཕྱག་ལས་ཀྱི་རིམ་པ་གནང་དང་གནང་བཞིན་པ་ཡིན་ལ། དེ་ཡང་ཁོང་རྣམ་པར་འདི་ལས་རྩ་བའི་ལས་འཆར་གོ་སྒྲིག་ཞུ་བཞིན་ཡོད་ལ། ཁོང་རྣམ་པའི་རྩོམ་སྒྲིག་གནང་རྒྱུའི་གཙོ་བོ་ནི། ཆོས་འབྱུང་ལོ་རྒྱུས་དང་འབྲེལ་བ། གཞུང་ལུགས་ལྟ་གྲུབ་དང་འབྲེལ། ཕྱག་བཞེས་ཕྲིན་སྒྲུབ་དང་འབྲེལ་བཅས་སྡེ་ཚན་ཆེན་པོ་གསུམ་ཏུ་གཏན་འབེབས་ཞུས་ཤིང་། ལོ་ལྟར་ཆོས་བརྒྱུད་ཁག་གི་རྩོམ་སྒྲིག་པ་རྣམས་མཉམ་འཛོམས་ཀྱིས་བགྲོ་གླེང་བྱས་ཏེ་་རིམ་བཞིན་ཡར་རྒྱས་བཏང་དང་གཏོང་བཞིན་པ་འི་སྒང་ཡིན།