Loading...

ད་ཆ་རང་རེ་བོད་ཀྱི་མཁས་པ་དང་རིག་གཞུང་གཉེར་མཁན་རྣམས་ཀྱི་ཁེར་རྐྱང་དང་ཕྱོགས་རེ་བའི་ལས་དོན་གཉེར་བ་ལས། མཉམ་འབྲེལ་གྱི་ལས་གཞི་རླབས་ཆེན་བསྒྲིགས་པའི་རྣམ་པ་ཧ་ཅང་ཉུང་། དེར་བརྟེན་དེ་སྔོན་གྱི་ཤེས་རིག་དང་འབྲེལ་བའི་ལས་ཀ་རྣམས་ཁྱབ་ཆེ་ལ་སྤྱི་སྨན་དུ་སོང་བ་ཅུང་དཀོན་པོ་ཆགས་རྐྱེན་ཡང་འདིར་ཐུག་ཡོད་སྙམ། དེས་ན་ང་ཚོས་ལས་གཞི་གང་ཞིག་ཡིན་ཡང་མཉམ་འབྲེལ་དགོས་པ་རྩ་གནད་དུ་བཟུང་ཡོད། དེ་ཡང་བོད་ཀྱི་རིག་གཞུང་དང་འབྲེལ་བ་ཡོད་པའི་ཕྱི་རྒྱལ་བའི་གཙུག་ལག་སློབ་གྲྭ་ཆེན་མོ་ཁག་དང་མཉམ་འབྲེལ་གྱིས་བོད་ཀྱི་སྐད་བརྡ་རིག་པ།  བརྡ་སྤྲོད་རིག་པ། ཚིག་མཛོད་རིག་པ། བརྡ་ཆད་རིག་པ། དཔེ་མཛོད་རིག་པ་སོགས་འཛམ་གླིང་སྤྱི་ལ་ཁྱབ་ཆེ་ཞིང་བེད་སྤྱོད་དང་དགོས་གལ་ཆེ་བ་རྣམས་བོད་རང་གི་སྐད་ཡིག་དང་རིག་གཞུང་གི་ཆོས་ཉིད་དམ་རང་བཞིན་དང་མཐུན་པར་གཏན་འབེབས་ཐུབ་པ་དང་། ཁྱད་པར་བརྡ་འཕྲིན་གྱི་བརྒྱུད་ལམ་བེད་སྤྱད་ནས་བོད་ཀྱི་ཆོས་རིག་གིས་འཛམ་གླིང་མི་དམངས་ལ་ཕན་བདེ་ཇི་ལྟར་བསྐྲུན་པ་དང་། བོད་ཀྱི་ཐུན་མིན་གཟི་འོད་འབར་བའི་དགེ་མཚན་རྣམས་འཛམ་གླིང་མི་མང་ལ་ཤེས་སུ་འཇུག་རྒྱུ་ནི། ད་ལྟའི་དུས་རབས་ཀྱི་བོད་མི་ཤེས་རིག་གི་ལས་ཀ་བྱེད་མཁན་རྣམས་ཀྱི་ཐུན་མོང་གི་ལས་འགན་ཉག་གཅིག་ཏུ་མཐོང་གིན་ཡོད།